སོག་རྫོང་ནས་བོད་མི་ ༡༢ ལ་ཁྲིམས་ཐག་བཅད།

རྒྱ་ནག་གཞུང་གིས་བོད་ནག་ཆུ་སོག་རྫོང་ནས་ཆོས་ཀྱི་བྱེད་སྒོ་སྤེལ་ནས་མི་མང་ལ་མགོ་སྐོར་བསླུ་བྲིད་དང་མང་ཚོགས་ལ་མངོན་ལྐོག་གཉིས་ནས་རྨོངས་དད་ཀྱི་བསམ་བློ་དྲིལ་སྒྲོག་བྱས་པའི་ཉེས་འཛུགས་འོག་བོད་མི་ ༡༢ ལ་ཁྲིམས་ཐག་བཅད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན། རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༧ ཉིན་རྒྱ་ནག་གཞུང་གིས་ནག་སེལ་གཤེད་འཇོམ་ཟེར་བའི་འཛིན་བཟུང་གཅར་རྡུང་གི་ལས་འགུལ་འོག བོད་ནག་ཆུ་ས་ཁུལ་སོག་རྫོང་ནས་མི་གྲངས་ ༡༢ ལ་ཆོས་ཀྱི་བྱེད་སྒོ་སྤེལ་ནས་མི་མང་ལ་མགོ་སྐོར་བསླུ་བྲིད་དང་། མང་ཚོགས་ལ་མངོན་ལྐོག་གཉིས་ནས་རྨོངས་དད་ཀྱི་བསམ་བློ་དྲིལ་སྒྲོག་བྱས་པའི་ཉེས་འཛུགས་འོག མི་རེར་ལོ་གཅིག་ནས་ཟླ་དགུ་ཡན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

འདི་ག་བོད་ཀྱི་དུས་བབ་གསར་འགོད་པས་བོད་མི་མང་སྤྱི་འཐུས་ངག་དབང་ཐར་པ་ལགས་སུ་གནད་དོན་དེའི་སྐོར་སྐད་ཆ་འདྲི་སྐབས་ཁོང་གིས། ད་ལྟའི་ཆར་སོག་རྫོང་ཁུལ་དུ་དྲ་འབྲེལ་སྤྱི་དང་སྐད་འཕྲིན་སོགས་གཏན་འགོག་བྱས་ཡོད་པས། བོད་ནང་གི་འབྲེལ་ཡོད་སུ་གང་ལའང་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་པས་གནས་ཚུལ་ག་འདྲ་ཡིན་གསལ་བོ་ཤེས་ཐབས་མེད་སྐོར་བརྗོད་བྱུང་། ཡང་སོག་རྫོང་གི་འབྲེལ་ཡོད་གཞན་ཞིག་གིས་ཕ་ཡུལ་ཕྱོགས་ནས་དམ་དྲག་ཤུགས་ཆེན་བྱས་ཏེ་སྐད་འཕྲིན་སོགས་ཀྱི་ནང་འབྲེལ་བ་རྩ་བ་ནས་བྱེད་ཐབས་མེད་པ་དང་། དེ་བཞིན་བོད་ནང་ལོགས་ལ་ཡོད་པ་ཚོས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་རྒྱུར་ཧ་ཅང་དོགས་ཟོན་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

རྒྱ་གཞུང་གི་དེ་འབྲེལ་གནས་ཚུལ་ནང་སོག་རྫོང་མི་མང་ཁྲིམས་ཁང་ཟེར་བས། ཉེས་ཅན་མི་གྲངས་ ༡༢ ཀྱིས་སྡིག་སྤོང་དགེ་སྒྲུབ་ཀྱི་བྱེད་སྒོ་སྤེལ་ཏེ། གྲོང་མི་སྒྲིག་འཛུགས་བྱས་ཏེ་ཆོས་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་རང་སྐྱོང་སྲིད་བྱུས་ལ་ཐེ་ཇུས་དང་། མི་མང་ལ་མགོ་སྐོར་བསླུ་བྲིད་དང་མང་ཚོགས་ལ་མངོན་ལྐོག་གཉིས་ནས་རྨོངས་དད་ཀྱི་བསམ་བློ་བསྒྲགས་པ། བཀས་བཀོད་རྒྱུད་འཛིན་གྱི་ཁྲིམས་སྲོལ་ལག་བསྟར་བཅས་བྱས་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་སྤྱི་ཚོགས་ནང་ཁྱབ་སྤེལ་བཏང་ཡོད། ཅེས་དང་། ཕྱི་ལོ་ ༢༠༡༠ ནས་ ༢༠༡༨ བར་ཁོ་ཚོས་ཆོས་ལུགས་ཀྱི་བྱེད་སྒོ་དང་དགེ་སྤོང་སྡིག་སྒྲུབ་ཁ་ལ་འཁྱེར་ནས་མི་མང་ལ་གནོད་འཚེ་བཟོས་བ་དང་ཉེས་ཆད་གཅོད་པ། ཉེས་རྡུང་དང་དམའ་འབེབས་བཏང་བ་སོགས་སྤྱི་ཚོགས་ནང་ཤུགས་རྐྱེན་ངན་པ་བཟོས་ཡོད་པས། ནག་ཤེད་ངན་འཇོམ་ཀྱི་ལས་འགུལ་ཁྲོད་ཁྲིམས་ལྟར་ཉེས་ཆད་བཅད་ཡོད་པ་དང་། ཉེས་ཆད་བཅད་ཁྲ་ཕྱིར་བསྒྲགས་བྱེད་སྐབས་མི་ ༡༢ ཀྱིས་རང་གིས་བསགས་པའི་ཉེས་པ་ངོས་ལེན་དང་། ཁྲིམས་ཆད་དྭང་ལེན་ཞུས་ནས་གོང་གཏུག་མི་བྱེད་པའི་ཁས་བླངས་ཡོད་སྐོར་བརྗོད་འདུག

སྔར་ལོ་ནས་རྒྱ་ནག་གཞུང་གིས་ཆེད་དམིགས་ལྟ་ཞིབ་ཚོགས་ཆུང་ཟེར་བ་ཞིག་ཆེད་གཏོང་གིས། བོད་རང་སྐྱོང་ལྗོངས་དང་སི་ཁྲོན། མཚོ་སྔོན་སོགས་བོད་ཁུལ་གྱི་ས་ཆ་སོ་སོར་ནག་སེལ་ངན་འཇོམ་དང་ནག་སེལ་གཤེད་བཅོམ་ཞེས་པའི་ལས་འགུལ་ཤུགས་ཆེན་སྤེལ་ཏེ། བོད་མི་མང་པོར་ནག་ཉེས་གང་བྱུང་བཙན་འགེལ་དང་འདྲི་རྩད། འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། ནག་སེལ་གཤེད་བཅོམ་གྱི་དྲིལ་བསྒྲགས་ཤེས་བྱ་ཟེར་བ་ཞིག་མང་ཁྲོད་དུ་བཀྲམ་སྟེ། མི་མང་ལ་ཡིག་ཆ་དེ་དག་གི་ནང་དོན་བཙན་གྱིས་ངེས་སུ་འཇུག་པ་དང་། བློ་ལ་མ་ངེས་ན་ཉེས་ཆད་གཅོད་པ་སོགས་ཀྱི་བཙན་སྐུལ་བྱས་ཡོད་པ་རེད།

དེ་བཞིན་སྔར་ལོའི་ཕྱི་ཟླ་ ༤ པའི་ནང་ནག་ཚོགས་ངན་སེལ་ལ་ཁ་གཡར་ནས་རེབ་གོང་ཧོར་རྒྱ་སྡེ་བའི་ས་ཆའི་བདག་དབང་རྩོད་མཁན་ཁ་འགོ་བ་ཚོགས་ཆུང་གི་བོད་མི་ ༩ འཛིན་བཟུང་བྱས་ཏེ། ཕྱི་ཟླ་ ༤ པའི་ནང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་མི་དམངས་ཁྲིམས་ཁང་ཟེར་བ་ནས་བོད་མི་དེ་དག་ལ་ལོ་ ༣ ནས་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྟབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང། རྒྱལ་སྤྱིའི་ཁྲོད་ས་ཆའི་བདག་དབང་གི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་(Habitat International Coalition)གཉིས་མཉམ་རུབ་ཐོག བོད་མི་དེ་དག་གིས་སོ་སོ་དང་མང་ཚོགས་ཀྱི་ས་ཆའི་བདག་དབང་རྩོད་པ་དེ་ནི་ནག་ཚོགས་ཀྱི་བྱ་སྤྱོད་གང་ཡང་མིན་པ་དང་། རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་ཀྱི་ཡོད་པས་ཁོང་ཚོ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་དྲ་ཐོག་འབོད་སྐུལ་གྱི་ལས་འགུལ་ཞིག་མགོ་འཛུགས་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༦ ནང་རྒྱ་ནག་གཞུང་གིས་བཏང་བའི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ ༡༣ པ་ཟེར་བ་དེས། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་གྲོང་ཁྱེར་དང་རྫོང་ ༡༠༧ དང་། ཡུལ་ཚོ་་སོགས་ ༥༧། གྲོང་གསེབ་ཀྱི་སྡེ་ཁུལ་ ༦༡ བཅས་སུ་སྐོར་སྐྱོད་བྱས་ཏེ། མི་གྲངས་ ༢༢༤ ལ་དངོས་སུ་འདྲི་རྩད་དང་གནད་དོན་ཅན་ ༤༠ ཐེར་འདོན།  གཙོ་གནད་གྱོད་གཞི་ཅན་ ༢༣༠༠༠ ལྷག་ལ་ཞིབ་བཤེར་དང་། མི་མང་ཁྲོད་བརྟག་དཔྱད་འདྲི་ཤོག་ ༥༤༠ བཀྲམས་པ། མི་གྲངས་ ༡༠༤༤ ལྷག་ལ་དྲ་ཐོག་ནས་བརྟག་དཔྱད་འདྲི་ཤོག་འབྲི་བཅུག་སྟེ་ཞིབ་བཤེར་བྱས་ཡོད་ལུགས་ཡོངས་གྲགས་བྱས་ཡོད་པ་རེད།

ཡང་རྒྱ་ནག་དབུས་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ ༡༨ པ་ཟེར་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ།  མཚོ་ཤར་གྲོང་ཁྱེར་བཅས་ཁུལ་དང་གྲོང་ཁྱེར་བདུན་ལྷག་གི་ནང་ནག་འཇོམས་ངན་སེལ་ལས་འགུལ་ག་འདྲ་སྤེལ་ཡོད་མེད་ཐད་རྟོག་ཞིབ་བྱས་ཏེ། འདས་ལོའི་ཕྱི་ཟླ་ ༦ ཚེས་ ༦ ཉིན་ཟི་ལིང་དུ་ཚོགས་འདུ་བསྡུས་ཏེ་གསལ་བསྒྲགས་བྱས་པ་ལྟར་ན། ནག་འཛོམས་ངན་སེལ་གྱི་“རྣོན་པོ་སྤུ་གྲི”་ཟེར་བ་སོགས་ཀྱི་འགུལ་སྤྱོད་འོག་མཚོ་སྔོན་ཞིང་ཆེན་གཅིག་པུའི་ནང་ནས་མི་གྲངས་  ༦༥༨ འཛིན་བཟུང་བྱས་ཡོད་པ་དང་། དོགས་ཡོད་ཉེས་ཅན་ ༣༣༣ འཛིན་བཟུང་བྱེད་པར་ཆོག་མཆན་སྤྲད་ཡོད་འདུག

ནག་ཚོགས་ངན་འཇོམ་ཞེས་པ་ནི་ཞི་ཅིན་ཕིན་གྱི་གཙང་སེལ་ལས་འགུལ་གཞི་རྩར་བཟུང་ནས་འདས་ལོ་ནས་ཕྱི་ལོ་ ༢༠༢༡ བར་སྤྱི་ཚོགས་ཁྲོད་ཀྱི་ནག་ཚོགས་འབུར་འཇོམ་གཏོང་དགོས་སྐོར་གྱི་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་བ་ལས་མགོ་བརྩམས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་ནག་ཚོགས་ངན་འཇོམ་གྱི་དམིགས་གཏད་གཙོ་བོ་ཁ་བྲལ་རིང་ལུགས་པ་དང་། དྲག་སྤྱོད་རིང་ལུགས་པ། ཐལ་སྤྱོད་རིང་ལུགས་པ་བཅས་ཡིན་ལ། ལྷག་པར་དུ་ཁ་བྲལ་རིང་ལུགས་པ་ཚོར་ལས་འགུལ་འདིའི་ཁྲོད་ནས་གུ་ཡང་གཅིག་ཀྱང་མེད་ཅེས་བརྗོད་ཡོད་པ་རེད། ལས་འགུལ་དེ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་མཚོ་སྔོན་དང་སི་ཁྲོན། ཡུན་ནན་སོགས་ནང་སྤེལ་ཡོད་པ་དང་། ལྷ་སའི་ནག་ཚོགས་འབུར་འཇོམ་གསལ་བསྒྲགས་ནང་། ནག་ཚོགས་ཀྱི་དམིགས་གཏད་གཙོ་བོ་དེ་ཏྰ་ལའི་ཁ་བྲལ་ཤོག་ཁག་དང་ཏྰ་ལའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག་ནས་ལས་འགུལ་སྤེལ་མཁན་རིགས་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༡/༡༥

Leave a Reply