བོད་ཀྱི་འཁྱག་རོམ་ཁྲོད་ནས་ནད་འབུའི་རིགས་མི་འདྲ་བ་ ༣༣ གསར་རྙེད་བྱུང་འདུག་ཟེར།

ཚན་རིག་པ་ཁག་ཅིག་གིས་གོ་ལའི་ཚ་དྲོད་རྒྱས་པ་དང་བསྟུན་འཁྱག་རོམ་ཁྲོད་ཀྱི་ནད་འབུ་མང་པོ་ཁྱབ་བརྡལ་གྱིས་བོད་མཐོ་སྒང་གཙོ་བོར་གྱུར་བའི་འཛམ་གླིང་ལ་ནད་གཞི་ངོས་མི་ཟིན་པ་མང་པོ་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག མདང་དགོང་བོད་ལྗོངས་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན།  ཉེ་སྔོན་ནས་རྒྱ་ནག་ནང་འགོས་ནད་རིགས་ཤིག་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པར་བརྟེན། འཛམ་གླིང་འཕྲོད་བསྟེན་ཚོགས་པ་དང་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་སོགས་ཀྱིས་མི་མང་ནས་འཕྲོད་བསྟེན་ཐོག་སྔོན་འགོག་ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་ཡོད་པ་དང་། ད་ལྟ་ནད་འབུ་དེ་རྒྱ་ནག་ཙམ་མ་ཟད་བོད་ནང་དང་ཐའེ་ལན་ཌི་སོགས་ཀྱི་ནང་ཁྱབ་བརྡར་དུ་འགྲོ་བཞིན་ཡོད་སྟབས། བོད་ཀྱི་རྒྱལ་ས་ལྷ་སའི་བོད་མི་མང་པོས་ཁ་རས་གྱོན་པ་སོགས་བྱས་ཏེ་དོགས་ཟོན་བྱེད་ཀྱི་ཡོད་འདུག

ཁ་སང་དཀྱིལ་ཤར་ཡུལ་གྲུའི་(albawaba)གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། ཨ་རི་དང་རྒྱ་ནག་གི་ཚན་རིག་པ་ཟུང་འབྲེལ་གྱི་ཞིབ་འཇུག་ཚོགས་པ་ཞིག་གིས་མཐོ་སྒང་བོད་ཀྱི་འཁྱག་རོམ་ཞིབ་འཇུག་བྱས་པ་བརྒྱུད། ལོ་ངོ་ ༡༥༠༠༠ ཡར་སྔོན་གྱི་ནད་འབུ་རིགས་མི་འདྲ་བ་ ༣༣ གསར་རྙེད་བྱུང་ཡོད་པ་དང་། དེའི་ཁྲོད་ཀྱི་ནད་འབུའི་རིགས་ ༢༨ ད་སྔ་བར་མིས་མཐོང་མྱོང་མེད་པའི་ནད་འབུའི་རིགས་ཤ་སྟག་ཡིན་པས། གོ་ལའི་ཚ་དྲོད་རྒྱས་པ་དང་བསྟུན་འཁྱག་རོམ་ཁྲོད་ཀྱི་ནད་འབུ་དེ་དག་མཁའ་དབུགས་ནང་ཁྱབ་སྲིད་པ་དང་། གསར་དུ་རྙེད་སོན་བྱུང་བའི་འཁྱག་རོམ་ཁྲོད་ཀྱི་ནད་འབུའི་རིགས་ལ་སྔོན་འགོག་སོགས་ཀྱི་སྨན་སྦྱོར་གང་ཡང་མེད་སྟབས། བོད་མི་གཙོ་བོར་གྱུར་བའི་འཛམ་གླིང་ནང་ནད་གཞི་འདྲ་མིན་རིགས་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག

ད་ལྟ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ནད་འབུ་དེ་འདི་ལོའི་ལོ་མགོར་རྒྱ་ནག་ཧུའུ་པའེ་(Hubei) ཞིང་ཆེན་གྱི་རྒྱལ་ས་ཝུ་ཧན་ནང་བྱུང་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། མི་ཁག་ཅིག་རྐྱེན་འདས་དང་མི་གྲངས་ ༥༩ ལྷག་ལ་ནད་གཞི་དེ་ཕོག་ནས་ཛ་དྲག་གི་གནས་སྟངས་འོག་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་ཚོགས་པས། ནད་འབུ་དེ་ནི་ཚབས་ཆེ་བའི་འགོས་ནད་རང་བཞིན་ཅན་གྱི་ནད་ཅིག་ཡིན་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཧུའུ་པའེ་གྲོང་ཁྱེར་གཙོ་བོར་གྱུར་བའི་ཉེ་འཁྲིས་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ནད་འབུ་དེ་ཁྱབ་བརྡལ་དུ་མི་འགྲོ་སླད་སྔོན་འགོག་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག

འཛམ་གླིང་འཕྲོད་བསྟེན་ཚོགས་པས་ནད་འབུ་དེའི་སྐོར་ལ་འགྲེལ་བརྗོད་བྱས་པའི་ནང་། ནད་འབུ་དེ་ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་ནང་ཐོག་མར་བྱུང་སྟེ་ཟླ་འགའི་རྗེས་སུ་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་ཅིང་། ད་ལྟའི་ཆར་ནད་འབུ་དེར་གཏན་འཁེལ་གྱི་བཅོས་ཐབས་གང་ཡང་རྙེད་མེད་པ་དང་། ཕྱི་ལོ་ ༢༠༠༤ རྗེས་ནས་ནད་འབུ་ཁྱབ་བརྡལ་མཚམས་ཆད་ཡོད་ནའང་། ད་ལྟ་བསྐྱར་དུ་ཁྱབ་བརྡལ་བྱུང་གི་ཡོད་པ་མ་ཟད། ནད་འབུ་དེ་ནི་ཕྱི་ལོ་ ༢༠༠༢ དང་ ༢༠༠༣ ལོར་ཨེ་ཤ་ཡའི་རྒྱལ་ཁབ་ ༣༧ ནང་ཁྱབ་བརྡལ་དུ་ཕྱིན་ཏེ། མི་གྲངས་ ༨༠༠༠ ལྷག་ལ་ནད་གཞི་དེ་འགོས་པ་དང་མི་གྲངས་ ༧༧༤ རྐྱེན་འདས་སུ་ཕྱིན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༡༥

Leave a Reply

2 thoughts on “བོད་ཀྱི་འཁྱག་རོམ་ཁྲོད་ནས་ནད་འབུའི་རིགས་མི་འདྲ་བ་ ༣༣ གསར་རྙེད་བྱུང་འདུག་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་

    བོད་ཀྱི་འཁྱག་རོམ་ཧཧ་ལུང་་པ་གཞན་ལ་འཁྱག་རོམ་མེད་པ་ཡིན་ནམ་ཧཧ།
    འཁྱག་རོམ་ནང་ནད་འབུ་ག་འདྲ་བྱས་ནས་འཚོ་ཐུབ་ཀྱི་ཡོད་དམ?
    ཚ་དྲོད་་ནང་ནད་འབུ་འཕེལ་བ་ལས་འཁྱག་རོམ་ནང་ནད་འབུ་འཚོ་ཐུབ་པའི་ནུས་པ་ག་འདྲ་ཡིན་ནམ?

  2. གཞུང་པ་ཚེ་དབང་བསོད་ནམས།

    ནད་འབུ་དེ་ལ་བཅོས་ཐབས་མེད་ཟེར་བ་ལ་ཆ་བཞག་དགོས་པ་རེད་དམ་སྔོན་འགོག་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག་ཟེར་བ་ལ་ཆ་བཞག་དགོས་པ་རེད་ཧ་ཧ་མ་གཞི་བོད་ལ་མ་རྟོགས་ཁྱག་རོམ་མེད་པ་ཡིིན་ནམ་ཧཧཧ