ཨུ་རུ་སུའི་གཞུང་འཛིན་པ་ཡོངས་ནས་རྩ་དགོངས་ཞུ་རྒྱུ་ཡིན་འདུག

ཨུ་རུ་སུའི་སྲིད་བློན་ཌེ་མི་ཊི་རི་མེད་ཝེ་ཌེབ་ཀྱིས་སྣེ་འཁྲིད་དེ་ད་ལྟའི་གཞུང་འཛིན་པ་ཡོངས་ནས་རྩ་དགོངས་ཞུ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུགཁ་སང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཡུལ་དེའི་ཁྲིམས་བཟོ་ལྷན་ཚོགས་ལ་ལོ་འཁོར་གཏམ་བཤད་སྤེལ་སྐབས། ད་ལྟ་ཨུ་རུ་སུའི་རྩ་ཁྲིམས་ནང་གསལ་བའི་ཡུལ་དེའི་སྲིད་དབང་ལམ་ལུགས་ལ་བསྒྱུར་བཅོས་བཏང་བ་བརྒྱུད། སྲིད་འཛིན་གྱི་དབང་ཚད་ཉུང་འཕྲི་བྱས་ཏེ། ཁྲིམས་བཟོ་ལྷན་ཚོགས་དང་སྲིད་བློན་ལས་ཁུངས་ཀྱི་དབང་ཚད་ཆེ་རུ་གཏོང་རྒྱུའི་གྲོས་འཆར་བཏོན་པ་དང་བསྟུན། སྲིད་བློན་ཌེ་མི་ཊི་རི་མེད་ཝེ་ཌེབ་ (Dmitry Medvedev) ཀྱིས་སྣེ་འཁྲིད་དེ་གཞུང་འཛིན་པ་ཡོངས་ནས་རྩ་དགོངས་ཞུ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག

ཁ་སང་པུ་ཊིན་གྱིས་ཨུ་རུ་སུའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ཀྱི་མདུན་དུ་གྲོས་འཆར་དེ་འདོན་སྐབས། ངས་རྩ་ཁྲིམས་ལ་བསྒྱུར་བཅོས་གཏོང་རྒྱུའི་གྲོས་འཆར་འདིར་མི་མང་གིས་འོས་འཕེན་དགོས་ངེས་ཤིག་ཏུ་མཐོང་གི་འདུག ཅེས་དང་། གྲོས་འཆར་འདིས་གྲོས་ཚོགས་དང་། གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་དང་དབང་ཚད། དེ་བཞིན་སྲིད་བློན་དང་ཁོང་གིས་སྣེ་འཁྲིད་པའི་བློན་ཆེན་ལས་ཁུངས་ཁག་གི་དབང་ཐོབ་སྔར་བས་ཤུགས་ཆེར་གཏོང་གི་རེད། ཅེས་བརྗོད་དེ་རྩ་ཁྲིམས་བསྒྱུར་བཅོས་གནང་མིན་དེ་མི་མང་གི་འོས་ཤོག་བརྒྱུད་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་པ་ཙམ་ལས། ཇི་ལྟར་དང་དུས་ནམ་ཞིག་ལ་འོས་ཤོག་བླུག་རྒྱུའི་ཐད་གསལ་བཤད་གང་ཡང་བྱས་མེད་འདུག

སྲིད་འཛིན་པུ་ཊིན་གྱིས་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་འཆར་བཏོན་པ་དང་བསྟུན། ཨུ་རུ་སུའི་ཁ་གཏད་སྲིད་དོན་ཚོགས་པའི་མགོ་འཁྲིད་ཨ་ལེག་སི་ན་ཝལ་ནི་(Alexi Navalny) ཡིས་སྒེར་གྱི་ཊུ་ཝི་ཊར་དྲ་ལམ་ཐོག མི་ཚེ་གང་བོར་ཆེས་མཐོའི་མགོ་འཁྲིད་བྱས་ཏེ། རྒྱལ་ཁབ་ཡོངས་ཀྱི་བདག་དབང་བླངས་ཏེ། རྒྱལ་ཁབ་ཀྱི་རྒྱུ་དངོས་རྣམས་རང་དང་རང་གི་གྲོགས་པོ་རྣམས་ཀྱིས་བཀོལ་རྒྱུ་ནི་པུ་ཊིན་དང་ཁོའི་སྲིད་གཞུང་འདིའི་དམིགས་ཡུལ་ཁོ་ན་དེ་རེད། ཅེས་སྐྱོན་བརྗོད་དྲག་པོ་བྱས་ཡོད་འདུག

ཁ་སང་སྲིད་འཛིན་པུ་ཊིན་གྱིས་རྩ་ཁྲིམས་བསྐྱར་བཅོས་གཏོང་རྒྱུའི་གསལ་བསྒྲགས་བྱས་རྗེས། ཡུལ་དེའི་སྲིད་བློན་ཌེ་མི་ཊི་རི་མེད་ཝེ་ཌེབ་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་། རྩ་ཁྲིམས་བསྐྱར་བཅོས་དེ་དག་གིས་རྩ་ཁྲིམས་ཀྱི་དོན་ཚན་ཙམ་དུ་མ་ཟད། ཁྲིམས་འཛིན་ལྷན་ཚོགས་དང་། ཁྲིམས་བཟོ་ལྷན་ཚོགས། ཁྲིམས་བཤེར་ལྷན་ཚོགས་བཅས་ཀྱི་དབང་ཚད་ཚུད་པའི་དབང་ཚད་སྤྱི་སྙོམ་ཐད་འགྱུར་བ་ཆེན་པོ་གཏོང་གི་ཡོད་སྐོར་དང་། སྲིད་འཛིན་པུ་ཊིན་གྱི་ལས་དོན་ལམ་ལྷོངས་ཡོང་ཆེད་ད་ལྟའི་སྲིད་གཞུང་དེ་ཉིད་འཕྲལ་དུ་རྩ་དགོངས་ཞུ་རྒྱུ་ཡིན་ཞེས་པུ་ཊིན་གྱི་གྲོས་འཆར་དེར་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཤུགས་ཆེར་བསྟན་ཡོད་པ་མ་ཟད། པུ་ཊིན་གྱིས་ཀྱང་དེར་ཐུགས་རྗེ་ཆེ་ཞུས་ཡོད་འདུགད་ལྟའི་གཞུང་གིས་རྩ་དགོངས་ཞུས་རྗེས་སྲིད་འཛིན་པུ་ཊིན་གྱིས་འཕྲལ་མ་ཉིད་དུ་ཡུལ་དེའི་དཔྱ་ཁྲལ་ཚན་པའི་འགན་འཛིན་མི་ཁལ་མི་ཤུ་སི་ཊིན་ (Mikhail Mishustin) སྲིད་བློན་གྱི་འོས་མིར་བཏོན་ཏེ་གྲོས་ཚོགས་འོག་མའི་འོས་ཤོག་ལ་སྒུག་ཡོད་འདུག་ལ། ཡང་ལོ་འཁོར་གཏམ་བཤད་སྐབས་སྲིད་འཛིན་པུ་ཊིན་གྱིས་ཨུ་རུ་སུའི་སྲིད་དབང་ལམ་ལུགས་དེ་མུ་མཐུད་སྲིད་འཛིན་ལམ་ལུགས་ཐོག་བསྐྱོད་དགོས་སྐོར་ཡང་བརྗོད་ཡོད་འདུག

ད་ཐེངས་སྲིད་འཛིན་པུ་ཊིན་གྱིས་བཏོན་པའི་གྲོས་འཆར་ནང་རྒྱལ་ཁབ་ཀྱི་ཚད་མཐོའི་དབང་ཆ་དེ་སྲིད་འཛིན་ནས་གྲོས་ཚོགས་དང་སྲིད་བློན་ལས་ཁུངས་ལ་བགོ་འགྲེམ་བྱས་ཏེ་སྲིད་འཛིན་གྱི་དབང་ཆ་ལ་ཚད་བཀག་བཟོ་རྒྱུ་ཙམ་དུ་མ་ཟད། ད་ལྟའི་ཆར་ཨུ་རུ་སུའི་སྲིད་བློན་གཙོས་པའི་བློན་ཆེན་ཁག་གྲོས་ཚོགས་འོག་མའི་མོས་མཐུན་འོག་སྲིད་འཛིན་གྱིས་ཐད་བསྐོས་བྱེད་ཀྱི་ཡོད་ཀྱང་། རྩ་ཁྲིམས་བསྐྱར་བཅོས་དེས་སྲིད་བློན་དང་བློན་ཆེན་རྣམས་གྲོས་ཚོགས་འོག་མས་ལས་ཐོག་སྲིད་འཛིན་གྱི་མོས་མཐུན་ཡོད་མེད་ལ་མ་ལྟོས་པར་མང་མོས་ཐོག་བསྐོ་བཞག་བྱ་དགོས་ཀྱི་ཡོད་འདུག འོན་ཀྱང་བསྐོ་བཞག་ཟིན་པའི་སྲིད་བློན་གྱིས་སྣེ་འཁྲིད་པའི་གཞུང་དེས་ལས་དོན་ཚགས་ཚུད་མ་བྱས་ཚེ། སྲིད་འཛིན་ལ་གཞུང་འཛིན་པ་གནས་དབྱུང་གཏོང་རྒྱུའི་དབང་ཆ་ཡོད་པ་རེད། དེ་བཞིན་རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ནང་སྲིད་འཛིན་གྱི་འོས་མི་དེ་ཨུ་རུ་སུར་འདས་པའི་ལོ་ ༢༥ རིང་གནས་སྡོད་བྱས་ཡོད་པ་ཞིག་དང་། སྲིད་འཛིན་སྐབས་གཉིས་ལས་བྱེད་མི་ཆོག་པ་བཟོས་ཡོད་ཀྱང་། སྲིད་འཛིན་གྱིས་དམག་སྡེ་དང་། ཉེན་རྟོག་ཁང་། བདེ་སྲུང་བཅས་ལ་སྟངས་འཛིན་བྱས་ཏེ། སྡེ་ཚན་དེ་དག་གི་མགོ་གཙོ་ཡང་སྲིད་འཛིན་གྱིས་ཐད་བསྐོས་བྱ་རྒྱུ་ཡིན་འདུག རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ནང་གནད་འགག་ཆེ་བའི་དོན་ཚན་གཞན་ཞིག་ནི་ད་ཡོད་ཨུ་རུ་སུའི་ཤུགས་རྐྱེན་ཆེས་ཆེ་བའི་བདེ་འཇགས་ལྷན་ཚོགས་ཞེས་པའི་དབང་ཚད་ཆེ་རུ་གཏོང་རྒྱུ་ཡིན་འདུག

ད་ལྟ་རང་ལོ་ ༦༧ ཡིན་པའི་པུ་ཊིན་གྱིས་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་བསྟུད་མར་ཨུ་རུ་སུའི་སྲིད་འཛིན་དང་སྲིད་བློན་གྱི་གོ་གནས་བཟུང་ཡོད་ཀྱང་། ཨུ་རུ་སུའི་ད་ལྟའི་རྩ་ཁྲིམས་གཞིར་བཟུང་། ཕྱི་ལོ་ ༢༠༢༤ ལོའི་རྗེས་པུ་ཊིན་གྱིས་བསྐྱར་དུ་སྲིད་འཛིན་གྱི་གོ་གནས་བླང་ཆོག་གི་མེད་པར་བརྟེན། དབྱེ་ཞིབ་པ་མང་པོས་ཐེངས་འདིའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་འཆར་དེ་ནི་པུ་ཊིན་གྱིས་རང་ཉིད་ཀྱི་དབང་ཚད་མི་ཉམས་པའི་ཆེད་དུ་བཏོན་པའི་ཆབ་སྲིད་ཀྱི་གཡོ་བྱུས་ཤིག་ཡིན་པ་དང་། མང་པོ་ཞིག་གིས་ཕྱི་ལོ་ ༢༠༢༤ རྗེས་པུ་ཊིན་སྲིད་འཛིན་གྱི་གོ་གནས་ནས་མར་བབས་ཏེ།  སྔར་ལས་དབང་ཚད་ཆེན་པོར་གྱུར་བའི་སྲིད་བློན་ནམ། ཡང་ན་ཨུ་རུ་སུའི་ཆབ་སྲིད་ལ་ཤུགས་རྐྱེན་ཆེ་བའི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་གཙོའི་གོ་གནས་གཟུང་རྒྱུའི་འཆར་གཞི་འཐེན་གྱི་ཡོད་སྐོར་བརྗོད་འདུག ཡང་དབྱེ་ཞིབ་པ་འགས་ད་ལྟའི་གྲོས་འཆར་དེ་ནི་ཕྱི་ལོ་༢༠༢༤ རྗེས་པུ་ཊིན་རང་ཉིད་ཀྱིས་སྲིད་བློན་གྱི་གོ་གནས་བླངས་ཏེ། ཌེ་མི་ཊི་རི་མེད་ཝེ་ཌེབ་ལ་བདེ་འཇགས་ལྷན་ཚོགས་དེའི་ཚོགས་གཙོའི་གོ་གནས་སྤྲོད་རྒྱུར་ཁ་མཐུན་བྱུང་བའི་ངན་བྱུས་ཤིག་ཡིན་སྐོར་ཡང་བརྗོད་ཡོད་འདུག ཡང་རེ་འགས་པུ་ཊིན་གྱིས་རྒྱལ་ཁབ་ཀྱི་སྲིད་དབང་ལམ་ལུགས་དེ་ལེགས་ཕྱོགས་སུ་འགྱུར་བཅོས་བཏང་སྟེ། རང་ཉིད་རྒྱལ་ཁབ་ཀྱི་ཡབ་རྗེ་ཡི་རྣམ་པའི་ཐོག་ནས་ཆབ་སྲིད་ནས་རྩ་དགོངས་ཞུ་ཆེད་ཡིན་སྐོར་ཡང་བརྗོད་འདུག

ཡང་དབྱེ་ཞིབ་པ་འགས་པུ་ཊིན་གྱི་བྱེད་ཐབས་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་གཤིབ་བསྡུར་གྱིས། ཞི་ཅིན་ཕིན་དང་བསྡུར་ན་པུ་ཊིན་ལ་ད་དུང་ཨུ་རུ་སུའི་དབང་ཆ་གཅིག་བསྡུས་བྱ་རྒྱུའི་གནས་སྟངས་ཤིག་མེད་སྐོར་དང་། ཕྱི་ལོ་ ༢༠༡༢ ལོར་པུ་ཊིན་སྲིད་བློན་ཡིན་སྐབས། རང་གི་དབང་ཚད་རྒྱུན་སྲུང་ཆེད། སྐབས་དེའི་སྲིད་འཛིན་ལས་ཐོག་ཌེ་མི་ཊི་རི་མེད་ཝེ་ཌེབ་དང་གོ་གནས་བརྗེ་ལེན་བྱས་པ་དེས། མི་མང་ཁྲོད་ཁོ་པར་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་ཆེན་པོ་ལངས་ཡོད་པ་ལྟར། ད་ལན་གྱི་གནས་ཚུལ་དེས་གཅིག་བྱས་ན་གཞུང་རྒོལ་ལས་འགུལ་གྱི་མགོ་བོ་འབུད་སྲིད་སྐོར་བརྗོད་འདུག ཡང་དབྱེ་ཞིབ་པ་འགས་ད་ལན་གྱི་གནད་དོན་དེ་དབང་ཆ་རྒྱུན་འཛིན་ཁོ་ནའི་ཆེད་ཡིན་ཚེ། སྲིད་འཛིན་པུ་ཊིན་ལ་ཞི་ཅིན་ཕིན་ལྟར་རང་གི་སྲིད་འཛིན་ལས་ཡུན་ལ་ཚད་བཀག་མེད་པར་བཟོ་རྒྱུའི་ནུས་པ་ཡོད་སྐོར་བརྗོད་འདུག

སྲིད་འཛིན་པུ་ཊིན་ནི་སི་ཏ་ལིན་གྱི་རྗེས་སུ་ཨུ་རུ་སུའི་སྲིད་དབང་དུས་ཡུན་རིང་ཤོས་འཛིན་མཁན་གྱི་མགོ་འཁྲིད་ཅིག་ཡིན་པ་དང་། ཕྱི་ལོ་ ༡༩༩༣ ལོར་ཨུ་རུ་སུའི་མི་མང་གིས་སྲིད་འཛིན་བྷོ་རི་སི་ཡེལ་ཊི་སན་གྱི་མགོ་འཁྲིད་འོག་ད་ལྟའི་རྩ་ཁྲིམས་ལ་མང་མོས་འོས་བསྡུ་བྱས་རྗེས། དེ་ལྟ་བུའི་མང་མོས་འོས་བསྡུ་ཆེན་མོ་བྱེད་པའི་གོ་སྐབས་བྱུང་མྱོང་མེད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༡/༡༦

Leave a Reply