རྡོ་རྗེ་གདན་དུ་ཏཱ་ལའི་བླ་མའི་ནཱ་ལེནྡྲའི་ཤེས་ཡོན་བསྟི་གནས་ཁང་འཛུགས་འཆར་འདུག

དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་གནས་མཆོག་རྡོ་རྗེ་གདན་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རིགས་དང་འབྲུག་པ། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་། དེ་བཞིན་ཕྱི་རྒྱལ་བ་བཅས་དད་ལྡན་དོན་གཉེར་བ་ ༢༦༠ བརྒལ་བར་མཇལ་ཁ་བཀའ་སློབ་གནང་སྐབས། རྡོ་རྗེ་གདན་དུ་འཛོམས་པའི་དད་ལྡན་དོན་གཉེར་བ་རྣམས་སོ་སོའི་ནང་ལ་ལོག་ནས་༸རྒྱལ་བ་རིན་པོ་ཆེས་སྤྱོད་འཇུག་ཐོན་ཞེས་འབོད་སྐུལ་བྱས་པ་དེ་སེམས་ལ་ཉར་ནས་སྤྱོད་འཇུག་ངེས་པར་ཏུ་ཐོན་ཞེས་གསུངས་འདུགབྷི་ཧར་མངའ་སྡེའི་ནང་ཏཱ་ལའི་བླ་མའི་ནཱ་ལེནྡྲའི་ཤེས་ཡོན་བསྟི་གནས་ཁང་འཛུགས་འཆར་ཡོད་པའི་སྐོར་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་གིས། སང་ཉིན་ཕྱི་ཚེས་ ༡༧ ཉིན་པད་ནཱ་ལ་ཕྱིན་ནས་མངའ་སྡེའི་བློན་ཆེན་མཆོག་ལ་ཐུག་ཡ་རེད། རྡོ་རྗེ་གདན་གྱི་ཉེ་འཁོར་དུ་བླ་མ་བཟོད་པ་རིན་པོ་ཆེ་ལ་ས་ཆ་ཞིག་ཡོད་པ་དང་། སྔོན་ཆད་ང་དེར་ཕྱིན་པ་རེད། དེའི་རྒྱ་བརྒྱུད་ཅིག་ལ་རིམ་གྱིས་ཏཱ་ལའི་བླ་མའི་ནཱ་ལེནྡྲའི་རིག་གནས་ཆོས་ཙམ་མ་ཡིན་པར་སེམས་ཁམས་རིག་པ་དང་། ལྟ་གྲུབ་སྐོར་བཅས་ཤེས་ཡོན་བསྟི་གནས་ཁང་ཞིག་འཛུགས་པའི་འཆར་གཞི་བང་སྒྲིག་ཡོད་ལ། ཕལ་ཆེར་འཛུགས་རྒྱུ་གཏན་འཁེལ་ཚར་བ་ལྟ་བུ་རེད། ཁེ་སང་སྐད་ཆ་འཁྱུག་ཙམ་བྱུང་བ་ལྟར་སང་ཉིན་མངའ་སྡེའི་བློན་ཆེན་མཆོག་དང་ལྷན་དུ་སྐད་ཆ་ལྷོད་ལྷོད་བཤད་རྩིས་ཡོད། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཧ་ཅང་རྩ་ཆེན་པོ་རེད། དེའི་ཉེ་འདབས་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བཞག་ནས་སློབ་སྦྱོང་བྱ་རྒྱུ་ཡོད་པ་ཞིག་ལ་ངོས་ཀྱིས་བསམ་བློ་གཏོང་གི་ཡོད་པ་རེད། མཁྱེན་སོང་ངམ། ས་གནས་གཞུང་གིས་ཀྱང་ཐུགས་ཁུར་ཆེན་པོ་བཞེས་ཀྱི་འདུག སྲིད་སྐྱོང་ལའང་ངོས་ཀྱིས་སྔོན་མ་སྐད་ཆ་བྱུང་། ཁོང་རང་སེམས་ཤུགས་འཕར་ནས་དེའི་སྟེང་ལ་རྐང་ལས་ཀ་བྱེད་ཀྱི་ཡོད་པ་རེད། རིམ་བཞིན་བཅོམ་ལྡན་འདས་སངས་རྒྱས་པའི་གནས་རྩ་ཆེན་པོ་ཡིན་པ་ཙམ་དུ་མ་ཟད་པའི་དེའི་ཉེ་འདབས་ལ་སྔོན་གྱི་ནཱ་ལེནྡྲ་སྐད་གྲགས་ཡོད་པ་དེ་ལ། ནཱ་ལེནྡྲ་གཉིས་པ་ཞིག་ཆོས་ཕྱོགས་ཀྱི་སྐད་ཆ་གཅིག་པུ་མིན་པར་ཤེས་ཡོན་གྱི་སྡེ་ཚན་བྱས་ནས་འཛུགས་རྒྱུ་བང་སྒྲིག་ཡོད་པ་རེད། མཁྱེན་སོང་ངམ། རིམ་བཞིན་སློབ་སྦྱོང་བྱེད་སའི་ལྟེ་གནས་ཤིག་ཆགས་སོང་ན་དེར་སློབ་སྦྱོང་ལ་ཡོང་མཁན་མང་པོ་ཞིག་ཡོང་གི་རེད་ལ། ངོས་ཡང་དེར་དུས་དང་དུས་སུ་སླེབས་ཀྱི་རེད། རྡོ་རྗེ་གདན་ལའང་ཡོང་གི་རེད། ཤེས་ཡོན་གྱི་སྡེ་ཚན་གསར་པ་ཞིག་འཛུགས་ཐུབ་པ་དེས་ངོས་རང་འདིར་ཡོང་བར་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་འདུག

ཡང་སངས་རྒྱས་པའི་ཆོས་ཀྱི་གནད་འགག་ཤེས་པར་བྱས་ཏེ་དད་པ་བྱུང་བ་ཡིན་ན། དད་པ་དེ་རྒྱུ་མཚན་ལྡན་པའི་དད་པ་དང་དད་པ་བརྟན་པོ་ཆགས་ཀྱི་ཡོད་སྐོར་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་རང་ཚོ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཚོས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དད་པ་གལ་ཆེན་པོ་དང་རྩ་ཆེན་པོ་རེད། ཡིན་ནའང་། དད་པ་ལ་དབང་རྣོ་ཆོས་ཀྱི་རྗེས་འབྲང་གི་དད་པ་གཅིག་དང་། དབང་རྟུལ་དད་པའི་རྗེས་འབྲང་གི་དད་པ་གཅིག་བྱས་ཏེ་རིགས་གཉིས་འདུག དབང་རྣོ་ཆོས་ཀྱི་རྗེས་འབྲང་གི་དད་པ་ནི་སངས་རྒྱས་པའི་ཆོས་ཀྱི་རྒྱུ་མཚན་གང་འདྲ་རེད་འདུག གནད་འགག་གང་འདྲ་འདུག་པར་དཔྱད་པ་བྱས་ཏེ་དད་པ་སྐྱེས་ཡོང་བ་དེ་དབང་རྣོ་ཆོས་ཀྱི་རྗེས་འབྲང་གི་དད་པ་རེད། སངས་རྒྱས་བཅོམ་ལྡན་འདས་རྩ་ཆེན་པོ་རེད་ཟེར་བའི་གྲགས་པ་ཙམ་གྱི་རྗེས་སུ་འབྲང་ནས་དད་པ་བྱེད་པ་ནི་དབང་རྟུལ་དད་པའི་རྗེས་འབྲང་ཟེར་བ་དེ་རེད། མཁྱེན་སོང་ངམ། ང་ཚོ་དུས་རབས་ ༢༡ པའི་ནང་པ་རེད། དེར་བརྟེན། སངས་རྒྱས་པའི་ཆོས་ཀྱི་གནད་འགག་ཤེས་པར་བྱས་ཏེ་དད་པ་བྱུང་བ་ཡིན་ན། དད་པ་དེ་རྒྱུ་མཚན་ལྡན་པའི་དད་པ་དང་དད་པ་བརྟན་པོ་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་འདུག

ནང་ཆོས་སྦྱོང་བར་སྔོན་ལ་སྤྱོད་འཇུག་བལྟ་རྒྱུ་གལ་ཆེན་ཡིན་སྐོར་ལ་ཁོང་གིས། དེང་སང་གི་དུས་ཚོད་ལ་ནང་པའི་ཆོས་ལ་དོ་སྣང་ཡོད་མཁན་ཚོས་ནང་པའི་ཆོས་ཇི་ལྟ་བུ་ཞིག་ཡིན་པ་ལ་སློབ་སྦྱོང་བྱེད་པ་དང་། སྔོན་ལ་སྤྱོད་འཇུག་ལས་སླ་བོ་རེད། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དེབ་དེ་ཧིན་དྷུའི་ནང་ཡོད་པ་རེད། དབྱིན་ཇི་དང་རྒྱ་ཡིག་ནང་ཏུའང་ཡོད་པ་རེད། ང་ཚོའི་བོད་ཡིག་ཨ་ཅང་ཅང་། སྤྱོད་འཇུག་ལ་ཏོག་ཙམ་བལྟ་ཐུབ་ན། སྤྱོད་འཇུག་གི་ལེའུ་དྲུག་པ་བཟོད་པའི་ལེའུའི་ནང་དུ་ཁོང་ཁྲོ་ལ་སྐྱོན་གང་དག་ཡོད་པ་ཧ་ཅང་གསལ་བོ་གསུངས་ཡོད། དེ་ལ་བསམ་བློ་ཏོག་ཙམ་གཏོང་ཐུབ་པ་ཡིན་ན་ཁོང་ཁྲོ་ཟེར་བ་དེར་རྒྱུ་མཚན་མེད་པར་སོ་སོའི་སེམས་དཀྲུགས། མི་ལའང་མ་བདེ་བ་ཡོང་བ་ཞིག་རེད། དེར་བརྟེན། བཟོད་པའི་ལེའུ་དེ་ཁོང་ཁྲོ་ཤུགས་ཆུང་དུ་གཏོང་བ་ལ་ཧ་ཅང་ཕན་ཐོགས་འདུག དེ་ནས་ལེའུ་བརྒྱད་པ་བསམ་གཏན་གྱི་ལེའུ་རེད། དེར་རང་གཅེས་འཛིན་ལ་སྐྱོན་ཇི་འདྲ་ཡོད་པ་དང་། གཞན་གཅེས་འཛིན་ལ་ཕན་ཐོགས་གང་དག་ཡོད་པ་རྣམས་ཧ་ཅང་གསལ་བོ་ཡོད། དེར་བརྟེན། སྤྱོད་འཇུག་གི་གཞུང་ལས་གཙོ་བོ་ལེའུ་དྲུག་པ་དང་བརྒྱད་པར་ག་ཚོད་ཐུབ་ཐུབ་ཀྱིས་ཀློག་པ་དང་བསམ་བློ་བཏང་བ་ཡིན་ན་དེས་ཧ་ཅང་ཕན་གྱི་རེད། ངོས་རང་གིས་རྡོ་རྗེ་གདན་དུ་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་སྐུ་མདུན་ནས་སྤྱོད་འཇུག་གི་བཤད་ལུང་ཞུས་ནས་ཧ་ཅང་ཕན་ཐོགས་བྱུང་སོང་། ཁྱོད་རང་ཚོའང་དེ་དེ་བཞིན་རེད། སྤྱོད་འཇུག་གི་གཞུང་ལ་དོ་སྣང་ཏོག་ཙམ་བྱོས། ད་ལྟ་བཤད་པ་ལྟར་ངོས་རང་སང་ཉིན་འདི་ནས་ཐོན་འགྲོ་གི་རེད། ཁྱོད་རང་ཚོ་ཡང་འདིར་གནས་སྐོར་ནས་བག་ཆགས་མང་པོ་བཞག་ཡོད་པ་རེད། ལས་བཟང་པོ་བསགས་ཡོད་པ་རེད། དེ་འཁྱེར་ནས་སོ་སོའི་ནང་ལ་ལོག་ནས་༸རྒྱལ་བ་རིན་པོ་ཆེས་སྤྱོད་འཇུག་ཐོན་ཞེས་འབོད་སྐུལ་བྱས་པ་དེ་སེམས་ལ་ཉར་ནས་སྤྱོད་འཇུག་ངེས་པར་ཏུ་ཐོན། ཞེས་གསུངས།

གཞན་ཡང་། ཁ་སང་ཕྱི་ཚེས་ ༡༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་བཀའ་སློབ་གནང་སྐབས། མཁན་ཆེན་ཞི་བ་འཚོས་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་དར་སྤེལ་གནང་བའི་སྐབས་འགལ་རྐྱེན་སེལ་རྒྱུ་དེ་སློབ་དཔོན་རིན་པོ་ཆེས་གནང་གི་ཡོད་པ་རེད། སྐབས་དེར་ཆོས་རྒྱལ་དང་རྒྱ་ནག་དབར་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་རེད། དུས་རབས་བདུན་པའི་ནང་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་ནས་ཇོ་བོ་ཤཱཀྱ་མུ་ནེ་ལྷ་སར་གདན་དྲངས་པ་རེད། རྒྱ་ནག་དང་འབྲེལ་བ་ཧ་ཅང་ཡོད་ནའང་ནང་པའི་ཆོས་འདི་ནཱ་ལེནྡྲ་རང་ནས་ཚུར་བཞེས་དགོས་ཞེས་ཐོག་མར་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་། དེའི་གོང་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་གོང་མའི་སྲས་མོ་དང་འཁྲུང་ས་བསྐྱོན་ནས་ལྷ་སའི་ཇོ་བོ་ཕེབས་པ་རེད། ངོས་ཀྱིས་བསམ་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནང་གོང་མའི་སྲས་མོ་དང་འཁྲུང་ས་བསྐྱོན་ཏེ་འབྲེལ་བ་ཧ་ཅང་ཡག་པོ་ཡོད་ནའང་རྒྱ་ཡིག་འདི་ཧ་ཅང་རྙོག་གྲ་ཚ་པོ་ཞིག་ཡིན་པར་ཕལ་ཆེར་གཟིགས་པ་འདྲ་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡིག་གསར་བཟོ་དང་། རྒྱ་གར་གྱི་ཡི་གེར་དཔེར་བྱས་ནས་དབྱངས་དང་གསལ་བྱེད་བཟོས།  དེ་གྱོང་པོ་ཞིག་བྱུང་མི་འདུག་གམ།   དཔེར་ན། དུས་ད་ལྟ་ཡིན་ནའང་རྒྱ་དང་བོད་ཟེར་དུས་སྐད་ཡིག་གི་ཐོག་ནས་ཐ་དད་ཆགས་ཡོད་ཅེས་ང་ཚོས་བཤད་རྒྱུ་ཞིག་ཡོང་བཞིན་ཡོད། དེ་བདེན་པའང་རེད། ཅེས་དང་། ང་ཚོར་སོ་སོ་རང་གི་སྐད་ཡིག་ཟུར་གསལ་ཡོད་པ་མ་ཟད། སོ་སོ་རང་གི་སྐད་ཡིག་འདིའི་ཐོག་ནས་དེང་སྐབས་འཛམ་གླིང་འདིའི་སྟེང་སུ་གང་ལ་ཡིད་སྨོན་བྱེད་མི་དགོས་པའི་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བོད་སྐད་དང་བོད་ཡིག་ནང་ཡོད་པ་འདི་ཧ་ལས་པ་ཞིག་རེད་འདུག  འདི་བོད་མི་རིགས་ཀྱིས་སྤོབས་པ་བྱེད་རྒྱུ་རེད། དེ་ལྟ་བུ་སོ་སོའི་སྐད་དང་རིག་གཞུང་ཕྱུག་པོ་ཡོད་སྟབས་རྒྱ་ནག་གིས་བོད་ཀྱི་ཆོས་དང་རིག་གཞུང་རིམ་པས་ནུས་པ་གཅོག་རྒྱུའི་ཐབས་ཤེས་རིམ་པ་བྱས་ཡོད་ཀྱང་ལམ་ལྷོངས་རྩ་བ་ནས་བྱུང་མེད།  ནང་ཆོས་འགྲེལ་བཤད་བརྒྱག་དགོས་ན་རྒྱ་ཡིག་ལས་བོད་ཡིག་བཟང་བ་ཡོད། ང་ཚོ་བོད་མིར་སྤོབས་པ་འདུག ཅེས་སོགས་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༡༦

Leave a Reply