ཕ་ཡུལ་གྱི་འགྱུར་ལྡོག་གླེང་བ། དང་པོ།

བོད་ཤར་ཕྱོགས་ཀྱི་རྩྭ་ཐང་ཆེན་མོའི་འབྲོག་རྫོང་མཛོད་དགེ་དང་ཁྱུང་མཆུ་རྫོང་ཁོངས་ཀྱི་འབྲོག་པ་རྒན་རབས་པ་ཁག་ཅིག་ལ་འབྲོག་པའི་རྩྭ་ཐང་གི་འགྱུར་ལྡོག་གླེང་བའི་སྐད་ཆ་ཡིག་ཕབ་ཞུས་ཡོད།

ཁྱུང་མཆུ་ཨ་མཆོག་ཧུ་ར་སྨད་མའི་སྡེ་དཔོན་དོན་ཁོ།

ས་ཆ་འདིར་མཚོན་ན་འཇིག་རྟེན་རྙིང་བའི་རིང་ལ་ཨ་མཆོག་སྒར་བའི་ས་རེད། ས་འདིར་མཚོན་ན་རྩྭ་ཐང་གི་ནང་གི་རྩྭ་གོས་ལྗང་སྨུག་ཐང་ལ་གཏིང་འདྲ་ཞིག་ཡིན་པ་རེད། འདི་སྔོན་ཆད་ཡིན་ན་བླ་མ་གོང་མ་རྣམས་ཀྱིས་བྱིན་གྱིས་རླབས་ཤིང་ཞབས་ཀྱིས་བཅགས་པའི་རྩྭ་ཐང་རྒྱ་ཆེན་པོ་ཞིག་ཡིན་པ་རེད། ད་ལྟ་ད་ལྟ་འདི་ཨ་མཆོག་ཧུ་ར་སྨད་མའི་ས་རེད། རྩྭ་ཐང་འདིའི་སྟེང་དུ་ཕྱུག་ཟོག་སོགས་སེམས་ཅན་མང་སོང་དུས་རྩྭ་ཐང་ལ་གནོད་པ་ཆེན་པོ་ཡོད་པ་རེད།

སྔོན་ཆད་ཅའོ་ཝན་ན་གཞོང་ཟེར་བ་འདིར་མཚོན་ན་རྩྭ་ཐང་ནང་གི་རྩྭ་ཐང་དང་བརླན་སའི་ནང་གི་བརླན་ས་ཞིག་ཡིན་པ་རེད། འདི་ནས་ཕར་བལྟས་ན་སྐྱ་ལམ་ཞིག་ཡོད་པ་ལས་གཞན་ལམ་ཞིག་མཐོང་རྒྱུ་ཡོད་པ་མ་རེད། ན་གཞོང་དེའི་སྟེང་དུ་སོང་ན་ཁུག་ལ་ལྷུང་ནས་ནང་དུ་བརྡིབ་ཨེ་འགྲོ་བསམ་པ་ཞིག་ཡོན་པ་རེད། དེ་འདྲའི་བརླན་བཤེར་དང་ཆུ་མང་པོ་ཡོད་པ་རེད། དེའི་རྗེས་ཕྱི་ལོ་ ༡༩༦༨ དང་ ༡༩༦༩ ནང་ཙམ་ལ་རྫོང་དང་རང་སྐྱོང་ཁུལ་གང་གི་བཀོད་པ་ཡིན་མིན་ཤེས་མ་སོང་མོད། ན་གཞུང་ཐམས་ཅད་ཐང་ལ་བསྒྱུར་དགོས་པ་རེད་ཅེས་འདྲུད་འཐེན་འཁོར་ལོ་ཆེན་པོ་དེ་འདྲ་སྐོར་ཡོང་ནས། དེ་དག་གི་གཞུག་ལ་ས་རྨོ་བྱེད་ཧ་ཅང་ཆེན་པོ་ཞིག་དྲུད་ནས་བརླན་ས་དེ་ཡར་མར་ལ་གཏུབ་ནས་ཆུ་རྐ་འཐེན་ནས་རྩབ་སོང་བ་རེད། དེ་ཡི་རྐྱེན་གྱིས་ཆུ་ཐམས་ཅད་ཆུ་རྐ་གཅིག་རག་གི་ནང་དུ་བཞུར་སོང་བས། ན་གཞོང་འདི་ཐམས་ཅད་ཐང་འདྲ་ཞིག་ཏུ་ཆགས་སོང་བ་དང་ད་ལྟའི་ཆར་ཆུ་ཚང་མ་སྐམ་ནས་གང་ཞིག་ནས་འབུད་དགོས་ན་མི་ཐར་ས་ཞིག་མེད་པ་རེད།

ད་ལྟའི་ཆར་ཆུ་དེ་འགྲོ་ས་གཅིག་ལ་སོང་ནས་ན་གཞུང་སྐམ་ནས་གནོད་པ་དེ་འདྲའི་ཆེན་པོ་ཞིག་ཆགས་ཡོད་པ་རེད། སྤྱིར་ན་རྩྭ་ཐང་གི་སྲོག་རྩ་དེ་བརླན་ཡིན་པ་དང་བརླན་མེད་སོང་ན། ས་གཞི་འདིའི་སྟེང་གི་རྩི་ཤིང་ནགས་ཚལ་སོགས་གསོན་ཐབས་མེད་པ་རེད། དུས་སྐབས་དེར། ན་གཞོང་འདིར་བརླན་མང་དྲགས་སོང་བས་བརླན་ཇེ་ཉུང་དུ་གཏོང་དགོས་པར་བརྗོད་ནས་དེ་འདྲ་ཞིག་བཟོས་སོང་བས་ད་ལྟ་སྐམ་པོ་ཞིག་ཆགས་བསྡད་ཡོད་པ་རེད། དྲང་མོ་བཤད་ན། འདི་ཁོར་ཡུག་ལ་གནོད་པ་ཧ་ཅང་ཆེན་པོ་ཞིག་རེད། ལོ་ལོན་རྒན་རབས་པ་ཚོས་བཤད་པ་ལྟར་ན། གནའ་འཇིག་རྟེན་རྙིང་པའི་སྐབས་ན་གཞོང་འདིའི་གཡས་གཡོན་དུ་དབྱར་ཁ་འབྲོག་པའི་རུ་བ་བསྡད་ན། ཞོགས་པ་ནམ་མ་ལངས་གོང་བཞོན་མ་ཚོས་མཚོ་གླང་ལྟ་བའི་སྐད་རྒྱག་མཁན་ཞིག་ཡོད་སྐོར་བཤད་རྒྱུ་ཡོད་པ་རེད།

བཅོས་བསྒྱུར་དང་མཉམ་ལས་ཀྱི་སྐབས་སུ་རྫི་བོ་ཚོས་སེམས་ཅན་རྩྭ་ཐང་འདིར་འཚོས་ནས་བསྡད་པས་ན། ལོ་རྗེས་མ་དེར་སེམས་ཅན་ཁྲོད་མཚོ་གླང་གི་ཕྲུ་གུ་ཁ་ཤས་ཡོད་པ་དེ་འདྲ་བྱུང་གི་ཡོད་པ་རེད། མཚོ་གླང་གི་ཕྲུ་གུ་དེ་སེམས་ཅན་སྔོན་པོ་འདྲ་ཞིག་ལ་རྐང་ལག་རིང་པོ་དང་། མིག་ནག་གོར་གོར་སྤུ་སྲབ་སྲབ་ཅན་འདྲ་ཞིག་ཡོད་པ་རེད། དེ་བཤད་སྲོལ་ཙམ་མ་ཡིན་པར་མཚོ་གླང་གི་ཕྲུ་གུ་དངོས་སུ་མིག་གིས་མཐོང་རྒྱུ་ཡོད་པ་རེད། དེ་འདྲའི་ས་ཆ་ཡག་པོ་དང་ས་ཆ་བསོད་ནམས་ཅན་ཞིག་ཡིན་པ་རེད། རྗེས་སུ་ས་ཆ་འདིའི་ཆུ་རྔ་རུ་ཆུ་འབུ་ཡོད་རབས་བཤད་ནས་ཆུ་མགོ་ཐམས་ཅད་ཀྱི་ནང་རྫས་ངན་ཞིག་བཏབ་ནས་ཆུ་མོ་ཚང་སྐམ་སོང་བ་རེད། དེ་ལྟར་བྱས་ཏེ་རྩྭ་ཐང་དེ་ཡང་སྐམ་བཅཡག བརླན་ཞིག་མེད་སོང་དུས་རྩྭ་ཐང་སྐམ་ནས་བར་མཚམས་ཤིག་ནས་རྩྭ་ཡང་སྐྱེས་མི་ཐུབ་པ་ཞིག་ཏུ་འགྱུར་འགྲོ་བ་རེད། རྩྭ་ཐང་གི་སྲོག་རྩ་ཆུ་དང་བརླན་གཉིས་མཛོམས་ན་རྩ་ཐང་ཡག་པོ་དང་རྩི་ཤིང་ནགས་ཚལ་སྐྱེས་ཐུབ་པ་རེད། བརླན་མེད་ན་རྩྭ་ཐང་དེ་ཉམས་རྒུད་དུ་འགྲོ་བ་ལས་ཡར་རྒྱས་སུ་འགྲོ་རྒྱུ་མེད་པ་རེད།

རྩྭ་ཕྱུགས་དོ་སྙོམས་ཀྱི་ལས་དོན་མ་བྱས་པའི་སྔོན་དེར་རྩྭ་ཐང་བེད་སྤྱོད་བྱེད་མཁན་མང་སོང་བས། དབྱར་དགུན་སྟོན་དཔྱིད་མེད་པར་རྩྭ་མ་སྐྱེས་པར་ཚང་མ་ས་ནག་ཆགས་ནས་ཡོད་པ་རེད། དབྱར་སར་བསླེབས་པ་དང་ཟླ་བ་གཉིས་གསུམ་ལས་མི་འདང་བར་རྩྭ་ཚང་མ་ཟོས་ཚར་ནས་ས་ནག་དང་འདམ་ལ་འགྱུར་འགྲོ་བ་རེད། དགུན་སར་བསླེབས་པ་དང་རྩྭ་ཟོས་ནས་དེ་བཞིན་དུ་ནག་པོ་ཆགས་འགྲོ་བ་རེད། སྐབས་དེར་ང་རང་ལ་མཚོན་ན་ ( སྲིད་གཞུང་གིས་བསྐོས་པའི་) ཡུལ་སྡེ་གཞུང་མགོ་འཁྲིད་ཡིན། རིམ་གྱིས་ང་རང་གིས་བསམ་བློ་ཞིག་བཏང་ན། སྤྱིར་ཨ་མཆོག་ཧུ་ར་མའི་རྩྭ་ཐང་གི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ ༣༩༨༨༢༥ ལས་མི་འདུག རྩྭ་ཐང་དེའི་སྟེང་ཕྱུགས་ཟོག་གི་གྲངས་ཚད་ཧ་ཅང་བརྒལ་ཡོད་པ་དང་། རྒྱལ་ཁབ་ཀྱི་ཚད་ཐིག་ལས་ཀྱང་དཔེ་མང་པོ་བརྒལ་འདུག དེ་འདྲ་བྱས་ནས་ཡོངས་ཐབས་མི་འདུག་ཅེས་སེམས་ཅན་དང་རྩྭ་ས་གཉིས་དོ་སྙོམས་པ་ཞིག་བྱ་དགོས་ཀྱི་འདུག དེ་འདྲ་མ་བྱས་ན། དགུན་ཁ་ཞིག་ལ་རང་བྱུང་གི་གནོད་པ་ཡོང་བ་ཡིན་ན་སེམས་ཅན་ལ་རྩྭ་ཟ་རྒྱུ་མེད་པར་སེམས་ཅན་ཚང་མ་ཤི་འགྲོ་རྒྱུ་རེད། དེ་དུས་མི་སེར་གྱི་འཚོ་བ་ཡང་ཇེ་སྡུག་ལས་ཇེ་སྡུག་མ་གཏོགས་ཇེ་དགའ་ལ་འགྲོ་རྒྱུ་མེད་པ་ཞིག་རེད། དེ་བས་རྩྭ་ཐང་འདིར་གཅེས་སྤྲས་ཤིག་བྱས་པ་ཡིན་ན། ས་འདིའི་སྟེང་ང་ཚོ་གཅིག་པུ་ཙམ་མ་ཡིན་པར་མ་འོངས་པར་ཨ་མཆོག་ཧུ་ར་མའི་མི་རབས་རྗེས་མ་ཚོས་འཚོ་བ་ཡང་སྐྱེལ་དགོས་པ་རེད། སྔ་ཕྱི་བར་གསུམ་ཀུན་ལ་བསམ་བློ་ཞིག་གཏོང་དགོས་པ་རེད་ཅེས་སྡེ་དཔོན་དང་ངེད་གཉིས་ཀྱིས་གྲོས་སྡུར་བྱས་པ་ཡིན།

དེ་ནས་ང་ཚོ་འབྲེལ་ཡོད་མགྲོ་འཁྲིད་ཚང་མས་གྲོས་བྱས་ཏེ། རྩྭ་ཕྱུགས་དོ་སྙོམས་བྱས་པ་ཡིན་ན་ཡོང་བ་ཞིག་ཡིན་མིན་སོགས་ཀྱི་ཐད་ལ་གྲོས་བསྡུར་བྱེད་སྐབས་ཚང་མས་དེ་ལྟར་བྱུང་ན་ཡག་པོ་འདུག་ཟེར། དེ་འདྲ་མ་བྱས་ན་མ་འོངས་པར་རྩྭ་ས་འདི་ནས་གང་ཡང་མི་ལྷག་པར་བཤད་ནས། ང་ཚོ་ཚང་མས་རྩྭ་ཕྱུགས་ལོ་སྙོམས་དགོས་སྐོར་བཤད་པ་རེད། ཡིན་ན་ཡང་། ལས་དོན་དེའི་ཐད་མགོ་འཁྲིད་ཚོ་གྲོས་འཆམ་བྱུང་བ་ཙམ་གྱིས་མི་འགྲིག་པར་རྒྱ་ཆེའི་མང་ཚོགས་ལ་ཡང་འདོད་པ་ཡོད་དགོས་པ་དང་། དེ་ལྟར་མེད་པ་ཡིན་ན་ལས་དོན་དེ་ལམ་ལྷོངས་ཡག་པོ་ཞིག་ཡོང་གི་མི་འདུག དེ་ནས་མང་ཞོགས་ལ་ཚོགས་འདུ་བསྡུས་ཏེ། རྩྭ་ཐང་གི་མདོག་འདི་འདྲ་ཞིག་ཤོར་འདུག  འདི་འདྲ་བྱས་ནས་སོང་བ་ཡིན་ན། ལོ་གཅིག་གཉིས་ནང་ཅི་ཡང་ལྷག་རྒྱུ་མ་རེད་ཅེས་མང་ཚོགས་ལ་བསྒྲགས་པ་ཡིན། དེར་བརྟེན། ང་ཚོས་རྩྭ་ཐང་འདི་སླར་གསོ་དང་བདག་གཅེས་ཤིག་བྱས་ན། མ་འོངས་པ་ང་རང་ཚོར་ཆེས་དགོས་པ་དེ་རྩྭ་ཐང་རེད་ལ་རྒྱལ་ཁབ་ལ་མཚོན་ན་ཡང་རེད། ང་རང་ཚོས་འཚོ་བ་རོལ་སའི་ཁོར་ཡུག་འདི་ལ་སྲུང་སྐྱོབ་དགོས་པ་རེད་ཅེས་མི་མང་ལ་སློབ་གསོ་བཏང་བ་ཡིན།

དེ་འདྲ་བྱས་ཏེ་ང་ཚོས་དཀའ་ཁག་ཚང་མ་གདོང་གིས་བསུས་ནས་ལས་དོན་དེ་ལག་བསྟར་བྱས་པ་ཡིན། ལས་དོན་དེ་ལག་བསྟར་བྱས་ཏེ་གྲུབ་པའི་སྐབས་དེར་ཡུལ་སྡེ་གཞན་དང་རྫོང་གིས་ཀྱང་ཨ་མཆོག་ཧུ་ར་སྨད་མའི་རྩྭ་ཕྱུགས་དོ་སྙོམས་ཀྱི་ལས་དོན་དེ་ཡག་པོ་འདུག་ཅེས། དེ་ལྟར་མ་བྱས་ན་མ་འོངས་པར་རྩྭ་ཐང་ལ་གནོད་པ་ཆེན་པོ་འདུག ཕོར་བའི་ནང་ལ་ཤོང་ཚད་ཅིག་ལས་ལྡུག་མི་ཐུབ་པ་ལྟར། རྩྭ་ཐང་ལའང་ཕྱུགས་རིགས་འཚོ་ཚད་ཅིག་ཡོད་པ་རེད། དེ་ལས་མང་བ་ཡོད་ན་རྩྭ་ཐང་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པ་རེད། ཁ་བ་ཆེན་པོ་ཞིག་བབ་པ་ཡིན་ན། སེམས་ཅན་རེ་རེ་མ་ཡིན་པར་ཁྱུ་ཁྱུ་བྱས་ཏེ་ཤི་འགྲོ་བ་རེད། དེ་དུས་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་འཕྲད་རྒྱུ་ཡིན་པ་རེད། ལམ་ལུགས་འདི་ལམ་ཞིག་རེད་ཅེས་རྫོང་གིས་བཤད་སོང་ལ། ང་ཚོས་ཀྱང་ལམ་ཞིག་དོད་དུ་བཅུག་པ་ཡིན། རྗེས་སུ་མང་ཚོགས་ཀྱི་འཚོ་བར་ཡང་དཀའ་ངལ་ཆེན་པོ་འདུག  དྲང་མོར་བཤད་ན། སེམས་ཅན་ ༡༨ གྱིས་མི་ཞིག་གི་ཁ་གསོ་ཐབས་མེད་པ་དང་། ཕྱོགས་གཅིག་ནས་རྩྭ་ས་སྲུང་སྐྱོབ་དང་གཉིས་ནས་མང་ཚོགས་ཀྱི་འཚོ་བར་གནོད་པ་ཐེབས་འདུག་ཅེས་གོང་རིམ་ལ་ཡར་ཞུ་བྱས་རྗེས། རྒྱལ་ཁབ་ཀྱིས་རྩྭ་སའི་རོགས་དངུལ་ཟེར་བ་ཞིག་སྤྲད་སོང་། རྩྭ་སའི་རོགས་དངུལ་དེ་གཅིག་ནས་བརླན་ས་སྲུང་སྐྱོབ་དང་གཉིས་ནས་རྩྭ་ཕྱུགས་དོ་སྙོམས་ཀྱི་ལས་དོན་དེ་ཚང་མས་བསྒྲུབ་དགོས་ན་མང་ཚོགས་ཀྱི་འཚོ་བར་གནོད་པ་ཆེ་བས། རྒྱལ་ཁབ་ཀྱིས་རྩྭ་ཕྱུགས་དོ་སྙོམས་ཀྱི་ལས་དོན་ལ་གྲུབ་འབྲས་འདུག་ཅེས་ལོ་རེ་བཞིན་རོགས་དངུལ་ཅུང་ཙམ་རེ་སྤྲོད་བཞིན་ཡོད་པ་རེད།

དེང་སང་ཁྱུང་མཆུ་རྫོང་གཙོ་བོར་གྱུར་བའི་ཚང་མས་དེ་ལམ་ཞིག་རེད་ཅེས་སྒྲུབ་བཞིན་ཡོད་པ་རེད། དེང་སང་སྔོན་དང་བསྡུར་ན་གང་ཞིག་ལ་བལྟས་ཀྱང་རྩྭ་ཐང་ལ་བདག་ཐུབ་ཡོད། སྔོན་ཆད་རྩྭ་ཐང་འདིར་ལྟ་ས་ཞིག་མེད། དེང་སྐབས་སེམས་ཅན་ ༡༨ དེ་ཚོད་འཛིན་བྱས་དུས་རྩྭ་ཐང་གིས་ཀྱང་ངལ་གསོ་ཞིག་བྱས་ནས་དབྱར་དགུན་ག་དུས་བལྟས་ཀྱང་རྩྭ་ཐང་ཞིག་གི་མདོག་ཡོད། དེང་སང་རྩྭ་ཐང་སྟེང་ཕྱུགས་མེད་པ་མ་རེད་དེ་ཚོད་ཅིག་བཟུང་ཡོད་སྟབས། རྩྭ་ཐང་ལ་ཡང་དཀའ་ཁག་མི་འདུག རྩྭ་ཕྱུགས་དོ་སྙོམས་ཀྱི་ལས་དོན་དེར་དཀའ་ངལ་མི་ཉུང་བ་ཞིག་ལ་འཕྲད་ཡོད་ཀྱང་། མ་འོངས་པར་བསམ་ན་ང་ཚོས་ལས་དོན་དེ་མ་བསྒྲུབ་ན་ཡོང་ཐབས་མི་འདུག ལས་དོན་ཐད་རྒྱལ་ཁ་མ་ཐོབ་པ་དེ་འདྲ་གཏན་ནས་མེད། མ་འོངས་པར་རྩྭ་ཐང་འདི་ཙམ་མིན་པར་རྩྭ་ཐང་གང་ཞིག་ཡིན་ཡང་སྲུང་སྐྱོབ་དང་བདག་སྐྱོང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པ་རེད། ཨ་མཆོག་ཧུ་ར་མར་མཚོན་ན་རྩྭ་ཐང་འདིར་བདག་པོ་མ་བྱས་ན། རྩྭ་ཐང་འདིའི་སྟེང་གི་རྩྭ་ཚར་སོང་ན་ཚང་མ་ས་ནག་རང་ལ་འགྱུར་འགྲོ་བ་རེད། འདི་ས་ནག་ལ་འགྱུར་སོང་བ་ནས་རྩྭ་ཞིག་སྐྱེས་ཐུབ་པ་མ་རེད། རྩྭ་ཐང་འདི་སྲུང་སྐྱོབ་བྱེད་དགོས་པའི་དམིགས་ཡུལ་ནི། ད་ལྟའི་མི་རབས་འདི་གཅིག་པུ་མ་ཡིན་པར། ས་ཆ་གང་ཞིག་ལ་མཚོན་ནའང་མ་འོངས་པར་མི་རབས་རྗེས་མས་འཕྲོ་མཐུད་ནས་འཚོ་བ་རོལ་དགོས་པ་རེད། དེ་འདྲ་ཡིན་དུས། རྒྱལ་ཁབ་དང་མགོ་འཁྲིད་སུ་འདྲ་ཞིག་ཡིན་རུང་རྩྭ་ཐང་འདིར་གཅེས་སྤྲས་བྱེད་རྒྱུ་གལ་ཆེན་རེད་མ་གཏོགས། རྩྭ་ས་ཚང་མ་འགྱུར་ནས་ས་ནག་དང་ཕྱེ་མར་འགྱུར་སོང་ན། དྲང་མོ་བཤད་ན་ཡུལ་དེའི་མང་ཚོགས་ཀྱིས་གང་ལ་བརྟེན་ནས་འཚོ་བ་རོལ་དགོས་རེད། ཆེས་གལ་ཆེན་ནང་གི་དོན་ཆེན་དེ་རྩྭ་ས་སྲུང་སྐྱོབ་དང་བདག་སྐྱོང་བྱ་རྒྱུ་དེ་རེད་ལ། མ་འོངས་པར་རྩྭ་ས་སླར་གསོ་དང་སྲུང་སྐྱོབ་བྱ་རྒྱུ་དེ་ང་རང་གི་རེ་བ་ཡིན། དེ་འདྲ་ཞིག་མ་གཏོགས་བཤད་རྒྱུ་མེད།

མཆན། རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་བཟོ་བསྐྲུན་བྱས་པའི་ཕ་ས་ཕ་ཡུལ་གྱི་འགྱུར་ལྡོག་གླེང་བའི་གཏམ་ཞེས་པའི་བརྙན་ལམ་བཅར་འདྲི་འདིའི་ནང་། བོད་ཤར་ཕྱོགས་ཀྱི་རྩྭ་ཐང་ཆེན་མོའི་འབྲོག་རྫོང་མཛོད་དགེ་དང་ཁྱུང་མཆུ་རྫོང་ཁོངས་ཀྱི་འབྲོག་པ་རྒན་རབས་པ་ཁག་ཅིག་ལ། འབྲོག་པའི་རྩྭ་ཐང་གི་འགྱུར་ལྡོག་གླེང་བའི་སྟོད་སྨད་བར་གསུམ་ཅན་གྱི་ཚན་པའི་ནང་ནས་སྟོད་ཆ་སྟེ། ཁྱུང་མཆུ་རྫོང་ཨ་མཆོག་ཧུ་ར་མའི་སྐོར་ཡིག་ཕབ་ཞུས་ཡོད་ལ། ཚན་པ་བར་མ་དང་སྨད་གཉིས་རིམ་གྱིས་གཏོང་འཆར་ཡོད།

བསྐྱར་བཅོས།: ༢༠༢༠/༠༡/༡༨

Leave a Reply