ཁྲི་སྤྲུལ་རིན་པོ་ཆེ་ཞེས་པ་ཞིག་ལ་ཁྲིམས་ཆད་ཕོག

ཐའེ་ཝན་གྱི་ཐའེ་པེ་ས་གནས་ཁྲིམས་ཁང་གིས་ཁྲི་སྤྲུལ་རིན་པོ་ཆེའམ་ཁྲི་ཆེན་ཞེས་པ་ཞིག་ལ་ཁྲིམས་འགལ་མ་རྐང་ཉོ་ཚོང་བྱས་པའི་ནག་ཉེས་འོག་ཁྲིམས་ཐག་བཅད་འདུགཐའེ་ཝན་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁྲི་ཆེན་(赤庆)ཞེས་པའི་བླ་མའི་མཚན་ཅན་ཞིག་གིས། ཐའེ་ཝན་གྱི་འགྱིག་རིགས་ཚོང་ལས་ཁང་(台塑集团)གི་སྦྱིན་བདག་ཝང་ཡོང་ཆིན་གྱི་ཚ་མོ་ཞིག་གཙོ་བོར་གྱུར་བའི་ཁོ་རང་གི་སློབ་མ་ ༤ ཡི་དངུལ་བྱང་བེད་སྤྱོད་བཏང་སྟེ། མ་རྐང་ཉོ་ཚོང་བྱས་ནས་སྔ་གཞུག་ཏུ་ཁྱོན་རྒྱ་སྒོར་ཁྲི་ ༧༠༠ ལྷག་ཁྲིམས་འགལ་ཐོག་བླངས་ཡོད་པའི་ནག་ཉེས་འོག ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ས་གནས་ཁྲིམས་ཁང་ནས་ཁོ་ལ་དུས་ཡུན་ལོ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ལོ་ ༥ ནར་འགྱངས་ཀྱིས་རྒྱ་སྒོར་ཁྲི་ ༡༠༠ ཡི་ཉེས་ཆད་དང་། རྒྱ་སྒོར་ཁྲི་ ༧༩༠ ལྷག་དེ་གཞུང་བཞེས་བཏང་བའི་ཐག་གཅོད་གནང་ཡོད་འདུག

ཐའེ་ཝན་དུ་གནས་བཞུགས་བོད་ཀྱི་དགེ་འདུན་པ་ཞིག་ལ་དེའི་སྐོར་དྲིས་པར་ཁོང་གིས། གནས་ཚུལ་དེ་གསར་འགྱུར་ནང་ནས་མཐོང་བ་མ་གཏོགས་ཞིབ་རྒྱས་ཧ་གོ་མ་སོང་། སྤྱིར་བཏང་ཐའེ་ཝན་ནང་ཆོས་ལུགས་ཀྱི་ཁོར་ཡུག་ཧ་ཅང་གུ་ཡངས་པོ་ཡོད་པར་བརྟེན།  ཆོས་ལུགས་གསར་གཏོད་དང་སྟོན་པ་གསར་པ་ཕེབས་རྒྱུ་དེ་ཁང་པ་ཞིག་འཛུགས་སྐྲུན་བྱ་རྒྱུ་ལས་ཀྱང་ལས་སླ་བ་ཡོད་པ་རེད། ད་རེས་ཁྲིམས་ཆད་ཕོག་པའི་བླ་རྒན་དེས་སྟོད་འགག་ལྗང་པོ་འདྲ་ཞིག་གྱོན་ནས་བཀའ་གདམས་གསར་མ་ཞེས་པའི་ཆོས་ལུགས་ཤིག་གསར་གཏོད་བྱས་ཡོད་ཅེས་ཚོགས་པ་བཙུགས་ཡོད་པ་དང་། དོལ་རྒྱལ་ཡིན་ཟེར་གྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཐའེ་ཝན་གྱི་ཀུ་ཤུ་གསར་ཁང་སོགས་ཀྱིས་སྤེལ་བའི་གནས་ཚུལ་ནང་། ཁྲི་སྤྲུལ་གྱིས་ཕྱི་ལོ་ ༢༠༡༤ ལོར་མ་རྐང་ཉོ་ཚོང་བྱས་ཏེ་ཁྲིམས་འགལ་ཐོག་རྒྱ་སྒོར་ཁྲི་ ༦༠༠ ལྷག་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་ཁྲི་ ༡༠༠ ལྷག་བླངས།  ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༦ ནང་ཁྲིམས་འགལ་མ་རྐང་ཉོ་ཚོང་གི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག སྐབས་དེར་ཐའེ་ཝན་འགྱིག་རིགས་ཚོང་གཉེར་ཁང་གི་སྦྱིན་བདག་ཝང་ཡོང་ཆིན་གྱི་ཚ་མོ་ཞེ་ཀྭ་ཀྲིན་དང་། ཡེན་ཆི་ཚོང་གཉེར་ཁང་གི་སྤྱི་གཉེར་བ་ཁྲུ་མེན་ཤོང་། དེ་མིན་གྱི་བུད་མེད་གཉིས་བཅས་མི་བཞི་ཡང་འབྲེལ་ཡོད་དོགས་གཞིའི་འོག་ཚུད་ཡོད་ཀྱང་། ཞིབ་བཤེར་བྱས་རྗེས་ཞེ་ཀྭ་ཀྲིན་སོགས་དོགས་ཡོད་མི་བཞི་དེ་ཁྲི་སྤྲུལ་གྱི་སློབ་མ་ཡིན་པ་དང་། ཁྲི་སྤྲུལ་གྱིས་སློབ་མ་དེ་དག་གི་དངུལ་བྱང་ལྐོག་ནས་བེད་སྤྱོད་བཏང་ཡོད་སྐོར་དང་། ཁྲི་སྤྲུལ་གྱིས་སོ་སོའི་ནག་ཉེས་ངོས་ལེན་བྱས་ཡོད་སྐོར་བརྗོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ལོ་ངོ་ ༢༠ ཡི་ཡར་སྔོན་དུ་བླ་མའི་མཚན་ཐོག་ནས་ཁྲི་ཆེན་ཞེས་པ་དེ་བལ་ཡུལ་ནས་ཐའེ་ཝན་ནང་འབྱོར་ཡོད་པ་དང་། ཁོ་རང་གིས་ཁོའི་མིང་ལ་ཁྲི་སྤྲུལ་རིན་པོ་ཆེ་ཟེར་གྱི་ཡོད་ལུགས་བརྗོད་ཡོད་པ་དང་། ཕྱིས་སུ་ཁྲི་ཆེན་ཞེས་པར་བསྒྱུར་ཡོད་འདུག ཁོས་དུས་རྒྱུན་ཐའེ་ཝན་དང་སེངྒ་པུར་སོགས་ཀྱི་ནང་སྐོར་སྐྱོད་བྱས་ཏེ་ཆོས་བཤད་ཀྱི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོར་ཁེ་ལས་གཉེར་མཁན་སློབ་མ་ཚོས་སྦྱིན་བདག་བྱས་ཏེ་བཀའ་གདམས་གསར་མའི་ནང་ཆོས་ཐེབས་རྩ་ཁང(财团法人嘎档巴佛教基金会)ཞེས་པའི་ཚོགས་པ་ཞིག་ཀྱང་བཙུགས་ཡོད་འདུག

བསྐྱར་བཅོས།: ༢༠༢༠/༠༡/༡༧

Leave a Reply

One thought on “ཁྲི་སྤྲུལ་རིན་པོ་ཆེ་ཞེས་པ་ཞིག་ལ་ཁྲིམས་ཆད་ཕོག

  1. སྐལ་པ་དུས་ཀྱི་མཐའ་ལ་སླེབས། བླ་མ་སྤྲུལ་སྐུ་དངུལ་ལ་རྔམས།
    དངུལ་རག་ན་འཁྲིག་སྤྱོད་བྱེད། ད་དུང་གྲ་ཆས་ལུས་ལ་གྱོན།
    ཆོས་མ་ཤེས་སྐྱག་རྫུན་ཤེས། སྐྱག་རྗུན་བཤད་དེ་བཙུན་ལ་བཅུག།
    འདི་ནི་ནང་པའི་ཞབས་འདྲེན་རེད། དུས་ནམ་ཡང་ལམ་འགྲོ་མི་ཡོང་ལ།