ཨ་རིའི་གཞུང་ནས་བོད་འབྲེལ་ཁྲིམས་ཡིག་ཇི་བཞིན་ལག་བསྟར་གནང་གི་མེད་སྐོར་བརྗོད།

ཨ་རིའི་གྲོས་ཚོགས་གོང་འོག་དང་སྲིད་འཛིན་མཆོག་ནས་མོས་མཐུན་མཚན་རྟགས་བསྐྱོན་ཏེ་གཏན་འབེབ་གནང་ཟིན་པའི་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པའི་ཁྲིམས་ཡིག་ཇི་བཞིན་ལག་བསྟར་གནང་གི་མེད་པའི་ཁར་དེ་འབྲེལ་སྙན་ཐོའང་ཕུལ་མེད་སྐོར་བརྗོད་འདུགདེ་རིང་ཞོགས་པར་ལྷོ་བརྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། ཨ་རིའི་གཞུང་ནས་ཕྱི་ལོ་ ༢༠༡༨ ལོའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་ཅེས་པ་དེ་གཏན་འབེབ་གནང་ནས་ལོ་གཅིག་ལྷག་འདས་ཟིན་ཡང་། ཁྲིམས་ཡིག་གི་དགོངས་དོན་གཞིར་བཟུང་ཨ་རིའི་འཛིན་སྐྱོང་ངོས་ནས་ད་དུང་ཡང་བོད་ནང་འགྲོ་འོང་འདྲ་མཉམ་ཡིན་མིན་དགོས་པའི་སྐོར་གྱི་ལོ་འཁོར་སྙན་ཐོ་བཏོན་མེད་པ་མ་ཟད། ཁྲིམས་ཡིག་གི་དོན་ཚན་གཞན་རྣམས་ཀྱང་ལག་བསྟར་གནང་གི་མེད་པ་དང་། དབྱེ་ཞིབ་པས་དེའི་རྒྱུ་མཚན་གཙོ་བོ་ནི་ཨ་རྒྱའི་ཚོང་དམག་གྲོལ་མོལ་ལ་དོ་ཕོག་མི་འགྲོ་བའི་ཆེད་དུ་ཡིན་སྐོར་བརྗོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་གསར་ཁང་དེར། ཊོམ་ཕུ་སྲིད་གཞུང་གིས་ཁྲིམས་ཡིག་ཁག་ལ་དོ་ནན་བྱེད་ཀྱི་མེད་པ་དང་། ད་ལྟའི་ཆར་གྲོས་ཚོགས་གོང་འོག་གི་སྲིད་དོན་ཚོགས་པ་གཉིས་ཀའི་ཐོག་ནས་ཊོམ་ཕུ་སྲིད་གཞུང་གིས་བོད་དོན་སྙན་ཐོ་དེ་གདོན་རྒྱུར་གནོན་ཤུགས་སྤྲོད་བཞིན་ཡོད་སྐོར་བརྗོད་འདུག དེ་བཞིན་ཁྲིམས་ཡིག་དེ་ཉིད་གཏན་འབེབ་ཆེད་ཞུ་འབོད་སོགས་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་མེ་ཐེའུ་མེ་ཁ་སི་ (Matteo Mecacci) ལགས་ཀྱིས། ཁྲིམས་ཡིག་དེ་ལག་བསྟར་བྱ་མིན་ནི་ཊོམ་ཕུ་སྲིད་གཞུང་ལ་མཚོན་ན། ཉེ་ཆར་མཚན་རྟགས་བརྒྱབ་པའི་ཚོང་དོན་གྲོས་ཆོད་ལས་བརྒལ་ཏེ། ཨ་རྒྱའི་མི་སེར་དབར་གྱི་འགྲོ་འོང་འདྲ་མཉམ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གཙིགས་ཆེར་འཛིན་གྱི་ཡོད་པ་སྟོན་རྒྱུའི་གོ་སྐབས་གལ་ཆེན་ཞིག་ཡིན་སྐོར་བརྗོད་འདུགཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན་གཏན་འབེབ་གནང་བའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་ནང་། རྒྱ་ནག་གི་གཞུང་འབྲེལ་སྐུ་ཚབ་ཚུད་པའི་གསར་འགོད་པ་དང་། མི་སེར་དཀྱུས་མ་རྣམས་ཨ་རིར་བཀག་འགོག་མེད་པར་འགྲོ་སྐྱོད་ཆོག་པ་བཞིན། ཨ་རིའི་མི་སེར་རྣམས་ལ་ཡང་བོད་ནང་འགྲོ་སྐྱོད་ཆོག་པའི་གོ་སྐབས་འདྲ་མཉམ་ཡོད་དགོས་པ་དང་། ཁྲིམས་ཡིག་གཏན་འབེབ་གནང་ཚུན་ཨ་རིའི་མི་སེར་ཞིག་བོད་ནང་འགྲོ་སྐྱོད་བྱ་རྒྱུར་བཀག་འགོག་བྱེད་མཁན་རྒྱ་ནག་གི་མགོ་འཁྲིད་དེ་དག་ཨ་རིར་འགྲོ་འོང་བཀག་འགོག་བྱེད་དགོས་སྐོར་བཀོད་ཡོད། དེ་བཞིན་ཨ་རིའི་འཛིན་སྐྱོང་ངོས་ནས་ལོ་ལྟར་ཁྲིམས་ཡིག་དེ་ཉིད་གཞིར་བཟུང་། ལོ་རེར་ཨ་རིའི་མི་སེར་བོད་ནང་འགྲོ་འོང་ཐད་ཀྱི་གནས་སྟངས་ཇི་ཡིན་གྱི་སྙན་ཐོ་ཞིག་གྲོས་ཚོགས་ལ་སྤྱན་འབུལ་ཞུ་དགོས་ཀྱི་ཡོད་འདུག འོན་ཀྱང་ད་ལྟའི་ཆར་ཁྲིམས་ཡིག་དེ་གཏན་འབེབ་བྱས་ཏེ་ལོ་གཅིག་དང་ཟླ་གཅིག་ལྷག་འགོར་ཟིན་ཡང་། ཨ་རིའི་གྲོས་ཚོགས་ལ་ད་དུང་ཡང་སྙན་ཐོ་དེ་ཕུལ་མེད་པ་རེད།

ཡང་ལྷོ་བརྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ནང་། འདས་པའི་ལོ་གཅིག་ནང་ཨ་རིའི་འཛིན་སྐྱོང་ངོས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་ཆོད་ཆེན་མོ་ཞེས་སུ་འབོད་བཞིན་པའི་ཨ་རྒྱའི་ཚོང་དོན་གྲོས་ཆོད་དེར་བར་ཆད་མི་ཡོང་བའི་ཆེད། སྲིད་འཛིན་གཞོན་པ་མེག་པན་སི་(Mike Pence) གཙོས་པའི་ཨ་རིའི་ཆེས་མཐོའི་གཞུང་འབྲེལ་མི་སྣས་སྤེལ་གཏན་ཁེལ་བའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྐྱོན་བརྗོད་གཏམ་བཤད་རིགས་ཕྱིར་འགྱངས་སམ། ཡང་ན་ཕྱིར་འཐེན་བྱས་པའི་གནས་ཚུལ་ཐོན་ཡོད་འདུག དེ་ཙམ་དུ་མ་ཟད་ཤར་ཏུར་ཀི་སི་ཐན་ཁུལ་དུ་ཡུ་གུར་མི་རིགས་གཙོ་བོ་བྱས་པའི་ཁ་ཆེ་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་མཁན་གྱི་རྒྱ་ནག་མགོ་འཁྲིད་ཚོར་དཔལ་འབྱོར་ཉེས་ཆད་བཀལ་མེད་པ་རེད། གཞན་ཡང་ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་ཨ་རིའི་འཛིན་སྐྱོང་གི་ཕྱི་དྲིལ་སྡེ་ཚན་ནང་དམིགས་བསལ་བོད་གནས་འབྲེལ་མཐུད་པ་ཞིག་བསྐོ་བཞག་གནང་དགོས་ཀྱི་ཡོད་ཀྱང་ད་བར་བསྐོས་ཐུབ་མེད་པ་རེད།འདས་པའི་ལོ་གཅིག་ནང་ཨ་རིའི་གྲོས་ཚོགས་གོང་འོག་གི་སྲིད་དོན་ཚོགས་པ་གཉིས་ཀས་རྒྱ་ནག་གི་ཉེན་བརྡ་ལ་མ་འཛེམ་པར། བོད་ནང་འགྲོ་འོང་འདྲ་མཉམ་དགོས་པའི་ཁྲིམས་ཡིག་ཁོ་ན་མིན་པར། ཕྱི་ལོ་ ༢༠༡༩ ལོའི་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་ (Uyghur Human Rights Policy Act of 2019) དང་། གཞན་ཡང་ཧོང་ཀོང་གི་དམངས་གཙོའི་གཞུང་རྒོལ་ལས་འགུལ་བའི་ཐོག་དམ་དྲག་ཤུགས་ཆེན་འགྲོ་བཞིན་པ་དང་བསྟུན། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་ཁྲིམས་ཡིག་ཏུ་གཏན་འབེབ་གནང་ཡོད་པ་རེད། ཁྲིམས་ཡིག་དེ་དག་གྲོས་ཚོགས་ནང་ཐོག་མར་འདོན་སྐབས་རྒྱ་ནག་གཞུང་གིས་ཡིག་ངག་གཉིས་ཀའི་ཐོག་ནས་ཨ་རིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཟིང་འཁྲུག་ལ་སྐུལ་སློང་བྱེད་ཀྱི་ཡོད་སྐོར་གྱི་བསྙོན་འཛུགས་ཐེངས་མང་བྱས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༡/༡༨

Leave a Reply

One thought on “ཨ་རིའི་གཞུང་ནས་བོད་འབྲེལ་ཁྲིམས་ཡིག་ཇི་བཞིན་ལག་བསྟར་གནང་གི་མེད་སྐོར་བརྗོད།

  1. གཞུང་པ་ཚེ་དབང་བསོད་ནམས

    བོད་རེ་བས་ཕུང་རྒྱ་དོགས་པས་ཕུང་ཟེར་ཡང་ཟེར་ལ་བདེན་ཡང་བདེན།
    ཨ་རྒྱའི་ཆབ་སྲིད་ཁ་དམག་འགན་འཁུར་རེད།
    ཨ་རྒྱའི་ཆབ་སྲིད་ཚོང་དམག་འགན་འཁུར་རེད།
    ཨ་རྒྱའི་ཆབ་སྲིད་རེ་དོགས་སྟོང་པ་རེད།