བོད་གཉའ་ལམ་རྫོང་སོཊ་སུ་ཁ་བ་ཆེན་པོ་བབས་ནས་དཀའ་ངལ་འཕྲད་ཀྱི་འདུག

དགུན་དུས་གྲང་ངར་ཆེ་བའི་གཉའ་ལམ་རྫོང་དང་སྐྱིད་རོང་སོགས་བོད་ལྷོ་ཁུལ་དུ་ཉིན་བསྟུད་མར་ཁ་བ་ཤུགས་ཆེན་འབབ་ཀྱི་ཡོད་པའི་རྐྱེན་གྱིས་འགྲོ་ལམ་འགག་པ་དང་གློག་ཆད་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུགདེ་རིང་ཧོང་ཀོང་ཀུ་ཤུ་ཉིན་རེའི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཚེས་ ༡༦ ཉིན་ནས་བཟུང་བོད་ནང་གི་གཞིས་ཀ་རྩེ་གཉའ་ལམ་རྫོང་དང་། སྐྱིད་རོང་སོགས་སུ་ཁ་བ་ཤུགས་ཆེན་འབབ་ཀྱི་ཡོད་པ་དང་། བུ་ཡུག་འཚུབ་པ་སོགས་ཀྱིས་གློག་ཆད་པ་དང་ལམ་ཀ་འགག་སྟེ་འགྲོ་འོང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ད་ལྟའི་ཆར་མི་དང་སེམས་ཅན་ལ་ཤི་རྨས་གོད་ཆག་བྱུང་མེད་སྐོར་དང་། གནམ་གཤིས་སྔོན་བརྡ་ཚན་པས་གོང་གི་ས་ཁུལ་དེ་དག་གཙོ་བོར་གྱུར་བའི་བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ཁུལ་དུ་མུ་མཐུད་ཁ་བ་ཆེན་པོ་འབབ་རྒྱུ་ཡིན་སྟབས། མི་མང་གི་འགྲོ་འོང་བདེ་འཇགས་ལ་ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་འདུག

ཡང་གནས་ཚུལ་དེའི་ནང་གཉའ་ལམ་རྫོང་གི་ས་གནས་ཁ་ཤས་སུ་ཁ་བའི་མཐུག་ཚད་ལ་༨༥ (Centimetre)ཙམ་ཡོད་པ་མ་ཟད། གནམ་གཤིས་གྲང་ཚད་ཀོར་ཐིག་མན་གྱི་ ༣༠ ལ་ལྷུང་ཡོད་པ་དང་། ས་ཁུལ་མང་པོར་འགྲིམ་འགྲུལ་ཙམ་མ་ཟད། རྐང་པ་བརྒྱབ་ནས་ཀྱང་འགྲོ་འོང་བྱེད་ཁག་པོ་ཆགས་ཡོད་འདུག དེ་བཞིན་ཁ་བ་བུ་ཡུག་འཚུབ་པའི་རྐྱེན་གྱིས་གཉའ་ལམ་རྫོང་གི་གློག་ཁང་གིས་གནས་སྐབས་རིང་གློག་མཁོ་འདོན་ཐུབ་ཀྱི་མེད་པ་རེད།

ཡང་རྒྱ་ནག་གཞུང་འབྲེལ་མི་མང་དྲ་བའི་དེ་འབྲེལ་གྱི་གནས་ཚུལ་སྤེལ་བའི་ནང་། ད་ལྟའི་ཆར་སྐྱིད་གྲོང་ལ་འགྲོ་སའི་ལམ་ཁ་ཆད་པ་དང་། གཉའ་ལམ་ལ་འགྲོ་སའི་ལམ་ཀ་བཀག་སྟེ། ལམ་ཀ་ཁག་གཙང་སེལ་དང་གཞུང་ལམ་བཟོ་བཞིན་ཡོད་ལ། ད་ལྟའི་ཆར་ཁང་པ་བརྡིབས་པ་དང་། མི་དང་སྒོ་ཕྱུགས་ལ་ཤི་རྨས་ཐེབས་པ་དང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་མེད་པ་རེད།  ཁ་བ་ཤུགས་ཆེན་བབས་པ་དང་བསྟུན་རྫོང་སྲིད་གཞུང་གིས་ས་གནས་གྲོང་སྡེ་ ༦ ཙམ་ནང་གནོད་སེལ་ཟས་རིགས་དང་། འབུད་ཤིང་། གཟན་རྩྭ་སོགས་སྤྲད་ཡོད་སྐོར་བསྒྲགས་འདུགབོད་ནི་འཛམ་གླིང་གི་ཆེས་མཐོ་ས་དང་གྲང་ངར་ཆེ་བའི་གནས་ཤིག་ཡིན་སྟབས། ལོ་རེའི་དགུན་དུས་སུ་ས་ཁུལ་མང་པོར་ཁ་བ་དང་གྲང་རླུང་གི་གནོད་སྐྱོན་ཡོང་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་གཞིས་ཀ་རྩེ་དང་གཉའ་ལམ། སྐྱིད་གྲོང་། གཏིང་སྐྱིད་བཅས་ཀྱི་ནང་ཉིན་ཤས་རིང་ཁ་བ་ཤུགས་ཆེན་བབ་ནས་སྒོ་ཕྱུགས་སེམས་ཅན་སྟོང་ཕྲག་ཁ་ཤས་ལ་ཤི་སྐྱོན་བྱུང་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོར་མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་གངས་སྐྱོན་ཆེན་པོ་བྱུང་ཡོད་པ་ལྟར། ལོ་དེའི་ཕྱི་ཟླ་ ༤ པའི་ནང་མཚོ་སྔོན་ཞིང་ཆེན་མི་མང་སྲིད་གཞུང་ཟེར་བས་ཕྱིར་བསྒྲགས་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༩ ལོའི་དགུན་དུས་སུ་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་གངས་སྐྱོན་ཁྲོད་གོད་ཆག་བྱུང་བའི་གནས་ཚུལ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། གངས་སྐྱོན་གྱིས་རྫོང་དང་གྲོང་ཁྱེར་ ༡༣  གྱི་མངའ་ཁུལ་དུ་ཡོད་པའི་འབྲོག་ཁྱིམ་ཁྲི་ ༢༡ ལྷག་ལ་གནོད་འཚེ་ཐེབས་ཡོད་སྟབས། འདས་པའི་ལོ་ངོ་དྲུག་བཅུ་མ་ཟིན་ཙམ་གྱི་རིང་བྱུང་མ་མྱོང་བའི་གོད་ཆག་ཚབས་ཆེ་ཤོས་བྱུང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༡/༢༠

Leave a Reply

2 thoughts on “བོད་གཉའ་ལམ་རྫོང་སོཊ་སུ་ཁ་བ་ཆེན་པོ་བབས་ནས་དཀའ་ངལ་འཕྲད་ཀྱི་འདུག

  1. ༄༅། ང་སྡོད་གནས་ཁེལ་གྷར་གྲོང་འཁྱེར་རེད།
    ངས་ལས་དབང་སྟོན་ཁའི་སྡོང་པོ་འདྲ། དགུན་ཁ་བ་བབས་ནས་གྲང་ངར་ཆེ།
    རླུང་སེར་བྱ་ཟེར་བའི་འཇིགས་པོ་བརྒྱབས་། ངའི་ལས་དབང་ཚེར་མགོའི་བྱེའུ་ཆུང་འདྲ།
    ང་འཕུར་ས་ཡངས་པའི་མཁའ་ལམ་རེད། འཕུར་འདོད་ཀྱང་འཕུར་དབང་ངར་མི་འདུག།