གངས་ཉིལ་བྱུང་སྟེ་མི་ ༦ བོར་བརླག་ཏུ་ཕྱིན།

བལ་ཡུལ་དུ་གངས་ཉིལ་བྱུང་སྟེ་བོར་བརླག་ཏུ་ཕྱིན་པའི་ཀོ་རི་ཡའི་རི་འཛེག་པ་གསུམ་དང་ཡུལ་མི་སྣེ་ཤན་པ་གསུམ་འཚོལ་ཞིབ་ཀྱི་ལས་ཀ་ད་དུང་ཡང་མགོ་འཛུགས་ཐུབ་ཀྱི་མེད་སྐོར་བསྒྲགས།དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༨ ཉིན་བལ་ཡུལ་གྱི་ས་གནས་ཨཱན་ན་པུར་ནཱ་(Annapurna)ཞེས་པར་གངས་ཉིལ་ཆེན་པོ་བྱུང་སྟེ། ཀོ་རི་ཡའི་རི་འཛེག་པ་གསུམ་དང་བལ་ཡུལ་གྱི་ཡུལ་མི་སྣེ་ཤན་པ་གསུམ་བཅས་མི་དྲུག་བོར་བརླག་ཏུ་ཕྱིན་ཡོད་ཀྱང་། བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་བློན་ཆེན་མཱི་ར་ཨཱ་ཅ་རྱ་(Mira Acharya)ལགས་ཀྱིས། ད་ལྟ་གནམ་གཤིས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། ད་དུང་བདུན་ཕྲག་གཅིག་རིང་འཚོལ་སྙེག་གི་ལས་དོན་དངོས་སུ་མགོ་འཛུགས་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག

དེ་ཡང་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་བློན་ཆེན་མཱི་ར་ཨཱ་ཅ་རྱ་ལགས་ཀྱིས། བོར་བརླག་སོང་བའི་མི་ ༦ དེ་འཚོལ་བའི་ཆེད་དུ་རི་འཛེགས་སྣེ་ཁྲིད་ཚོགས་པའི་གོ་སྒྲིག་འོག འབྲེལ་ཡོད་ས་གནས་སུ་འཚོལ་ཞིབ་ཀྱི་ཡོ་ཆས་ཁྱེར་ནས་བསླེབས་ཡོད་ཀྱང་། སླར་ཡང་གངས་ཉིལ་གཞན་ཞིག་བྱུང་བ་མ་ཟད། གནམ་གཤིས་ཇེ་སྡུག་ཏུ་ཕྱིན་ཞིང་ཆར་པ་རྒྱུན་ཆད་མེད་པར་འབབ་བཞིན་པར་བརྟེན། ཁོང་ཚོ་འཚོལ་ཞིབ་བྱེད་པར་འགྲོ་ཐུབ་ཀྱི་མེད་པར་གནམ་གཤིས་ཡག་ཏུ་འགྲོ་བར་སྒུག་བསྡད་ཡོད་ཚུལ་གསལ་བཤད་བྱས་ཡོད་པ་རེད།

འཚོལ་ཞིབ་ཚོགས་པའི་མིང་ལ་བྷི་ཇེ་(Bijay)ཞེས་པ་ཞིག་གིས་བརྗོད་པ་ལྟར་ན། གནམ་གཤིས་ཡག་ཏུ་ཕྱིན་ན་ཡང་། གངས་ཧ་ཅང་མཐུག་པོ་འདུག་པས། ཉིན་གྲངས་ཁ་ཤས་རིང་གངས་བཞུ་ཡི་མ་རེད། དེར་བརྟེན་བོར་བརླག་སོང་བའི་མི་དེ་དག་རྙེད་པར་བདུན་ཕྲག་ཁ་ཤས་འགོར་སྲིད་པ་རེད། ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བལ་ཡུལ་གྱི་ཨཱན་ན་པུར་ནཱ་ཞེས་པའི་ས་གནས་སུ་རྒྱལ་ཁབ་སྣ་ཚོགས་ནས་མི་གྲངས་ ༢༠༠ སྐོར་ཞིག་གངས་རིར་འཛེགས་ཡོད་པ་དང་། ལམ་བར་དུ་བསླེབས་སྐབས་གངས་ཉིལ་ཆེན་པོ་བྱུང་ཡོད་པ་དང་། ད་ལྟ་ས་གནས་དེར་སྤྲོ་འཆམ་དུ་ཡོང་བའི་མི་ཚང་མ་བལ་ཡུལ་གྱི་རྒྱལ་སར་བསྐྱལ་ཡོད་འདུག  བོར་བརླག་སོང་བའི་ཀོ་རི་ཡའི་མི་གསུམ་གྱི་སྤུན་མཆེད་ཁ་ཤས་ཤིག་ཀྱང་ས་གནས་དེར་འབྱོར་ནས་འཚོལ་ཞིབ་པ་དང་མཉམ་དུ་བསྡད་ཡོད་འདུག

ཨཱན་ན་པུར་ནཱ་ཞེས་པའི་ས་གནས་དེ་ནི་བལ་ཡུལ་རྒྱལ་ས་ཀ་ཊ་མན་ཌུ་(Kathmandu)ནས་སྤྱི་ལེ་ ༡༥༠ ཙམ་གྱི་སར་ཡོད་པ་དང་བལ་ཡུལ་གྱི་ནུབ་བྱང་དུ་ཆགས་ཡོད་ཅིང་། ཨཱན་ན་པུར་ནཱ་གངས་རི་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་བཅུ་པ་དེ་ཡིན་པ་དང་། མཐོ་ཚད་མི་ཊར་ ༨༠༩༡ ཡོད་ཅིང་། དེའི་ཉེ་འཁོར་གྱི་ཁོར་ཡུག་དང་ཡུལ་ལྗོངས་རྣམས་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡོད་སྟབས། ལོ་ལྟར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཡུལ་སྐོར་སྤྲོ་འཆམ་ཆེད་མི་གྲངས་སྟོང་ཕྲག་མང་པོ་ཡོང་གི་ཡོད་འདུག

ཕྱི་ལོ་ ༢༠༡༤ ལོར་བལ་ཡུལ་དུ་གངས་རི་ཉིལ་ནས་མི་གྲངས་ ༤༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་ནི་འཛམ་གླིང་ནང་གངས་རི་ཉིལ་ཏེ་སྡེབ་གསོད་བཏང་བའི་མི་གྲངས་མང་ཤོས་ཆགས་ཡོད་པ་རེད།

ལྡི་ལིའི་ས་གནས་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༡/༢༠

Leave a Reply