སྔ་གཞུག་ཏུ་བོད་མིའི་སྦག་སྦག་ ༧ མེར་ཚིག

དྷ་ས་ཟློས་གར་ལམ་འགྲམ་དུ་བཞག་ཡོད་པའི་བོད་པའི་སྦག་སྦག་ ༧ སྔ་གཞུག་ཏུ་མེར་ཚིག་པར་བརྟེན་ས་གནས་ཉེན་རྟོག་པ་དང་བདེ་སྲུང་ལས་བྱེད་ཀྱིས་ཞིབ་འཇུག་བྱེད་བཞིན་འདུགམདང་དགོང་མཚན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་དུ། དྷ་རམ་ས་ལའི་ཟློས་གར་ལམ་གྱི་གཡས་གཡོན་དུ་བཞག་ཡོད་པའི་བོད་མིའི་སྦག་སྦག་ ༥ མེར་ཚིག་འདུག་པ་དང་། ཡང་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་མཚན་མོར་ཟློས་གར་ལམ་དུ་བཞག་པའི་སྦག་སྦག་གཞན་གཉིས་ལའང་འཚིག་སྐྱོན་བྱུང་འདུག སྔ་གཞུག་ཏུ་མེར་ཚིག་པའི་སྦག་སྦག་རྣམས་བསམ་བཞིན་དུ་མི་ཞིག་གིས་མེར་སྲེག་བཏང་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག་ལ། ད་ལྟའི་ཆར་ཉེན་རྟོག་པ་དང་བདེ་སྲུང་ལས་ཁུངས་ནས་རྩད་གཅོད་གཏོང་བཞིན་འདུག

འདི་གའི་གསར་འགོད་པ་ཡུལ་དངོས་སུ་བསྐྱོད་སྐབས། ས་གནས་ཉེན་རྟོག་དཔོན་བྷལ་ཌི་ཝི་ཤར་མཱ་(BalDev Dant Sharma)ལགས་སོགས་རྒྱ་གར་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཁག་ཅིག་བཅས་ཡུལ་དངོས་སུ་བསླེབས་ཏེ་རྟོག་ཞིབ་གནང་བཞིན་འདུག་ལ། འདི་གའི་གསར་འགོད་པས་ཉེན་རྟོག་དཔོན་བྷལ་ཌི་ཝི་ཤར་མཱ་ལགས་སུ་གནད་དོན་སྐོར་སྐད་ཆ་དྲིས་པར་ཁོང་གིས། དོན་རྐྱེན་འདི་ཇི་ལྟར་བྱུང་བའི་བརྒྱུད་རིམ་ཆ་ཚང་ལ་རྩད་ཆོད་མ་བྱུང་བར་དུ་དམིགས་བསལ་གང་ཡང་བཤད་རྒྱུ་མེད་སྐོར་བརྗོད་བྱུང་།

འདི་གའི་གསར་འགོད་པས་ས་གནས་མགོ་འཛིན་ཀུན་དགའ་ཚེ་རིང་ལགས་སུ་གནད་དོན་ག་འདྲ་བྱས་ནས་བྱུང་བ་དང་ཐག་གཅོད་ག་འདྲ་ཞིག་ཡོང་སྲིད་སྐོར་དྲིས་པར་ཁོང་གིས། མདང་དགོང་སྦག་སྦག་རྣམས་མེར་ཚིག་རྗེས། འབྲེལ་ཡོད་དོ་བདག་ཅིག་བརྒྱུད་ཉེན་རྟོག་ཁང་དུ་དོན་རྐྱེན་ཐོ་འགོད་བྱས་ཡོད་ལ། ད་ལྟའི་ཆར་སྦག་སྦག་བདག་པོ་མང་ཆེ་བ་དགུན་ཚོང་དང་དེ་འདྲ་ཡི་རྐྱེན་པས་ས་གནས་སུ་མི་འདུག ཐག་གཅོད་ག་འདྲ་ཡོང་གི་ཡོད་མེད་བཤད་ཚོད་ཐིག་མ་སོང་། འོན་ཀྱང་། དོན་རྐྱེན་འདིའི་མགོ་མཇུག་བར་གསུམ་ཚང་མར་ད་ལྟ་ཞིབ་འཇུག་བྱེད་བཞིན་ཡོད་པས། ཉེས་ཅན་པ་འཛིན་བཟུང་བྱས་པ་དང་སྦག་སྦག་བདག་པོ་ཚོའི་ཡིག་ཆ་གཞིར་བཟུང་ཐག་གཅོད་ཅིག་ཡོང་གི་རེད། གཞན་ད་ལྟ་ནས་ཐག་ཆོད་པོའི་སྐད་ཆ་ཞིག་བཤད་ཤེས་མ་སོང་། ཞེས་བརྗོད་བྱུང་།

མིར་ཚིག་པའི་སྦག་སྦག་ཅིག་གི་བདག་པོ་སྐལ་བཟང་རྟ་ལོ་ལགས་ཀྱིས་གསར་འགོད་པར། ངའི་སྦག་སྦག་གཉིས་མདང་དགོང་མཚན་དཀྱིལ་ལ་མེར་སྤར་འདུག ཉེན་རྟོག་པས་མདང་དགོང་ནས་པར་མིག་འཕྲུལ་ཆས་སོགས་བསྔོགས་ཏེ་ཞིབ་འཇུག་བྱེད་བཞིན་འདུག་ལ། མེར་སྤར་མཁན་སུ་ཡིན་ད་ལྟ་ཐག་ཆོད་ཀྱི་མི་འདུག ང་ཉིན་རྒྱབ་ནས་སྦག་སྦག་གི་དགོས་ངེས་ཡིག་ཆ་ཁག་འཁྱེར་ཏེ་ཉེན་རྟོག་ཁང་ལ་འགྲོ་རྒྱུ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་མཚན་མོར་ཟློས་གར་ལམ་དུ་བཞག་ཡོད་པའི་བོད་པའི་སྦག་སྦག་གཞན་ ༢ ཀྱང་མེར་ཚིག་ཡོད་པ་དང་། མདང་དགོང་སྦག་སྦག་ཅིག་གི་མེ་གསོད་ཐུབ་པ་བྱུང་སྟེ་སྐྱོན་ཆེན་པོ་བཟོས་མི་འདུག མེར་ཚིག་པའི་སྦག་སྦག་ཁག་ཅིག་གློག་སྡོང་གི་མཁྲིས་སུ་བཞག་འདུག་སྟབས། མེ་སྐྱོན་བྱུང་རྗེས་ལམ་ཟུར་སོགས་ཀྱི་གློག་ཀྱང་ཆད་ཡོད་འདུག

ཟློས་གར་ལམ་དུ་ལྟ་བཤེར་བརྙན་མིག་བཙུགས་མེད་པར་བརྟེན་མེ་སྐྱོན་ཞིབ་འཇུག་བྱེད་ཁག་པོ་ཆགས་འདུག་ལ། དེ་རིང་ས་གནས་ཉེན་རྟོག་དཔོན་གྱིས་ཟློས་གར་ལམ་འགྲམ་དུ་ཡོད་པའི་སྟོད་པ་སྐྱིད་སྡུག་དང་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གཉིས་ནས་ཉེན་རྟོག་ལས་ཁུངས་སུ་འབྲེལ་བ་བྱས་ཏེ། གང་མགྱོགས་ལྟ་བཤེར་བརྙན་མིག་ཅིག་འཛུགས་དགོས་སྐོར་བཀོད་མངགས་ཀྱང་གནང་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༢༠

Leave a Reply

2 thoughts on “སྔ་གཞུག་ཏུ་བོད་མིའི་སྦག་སྦག་ ༧ མེར་ཚིག

  1. དཀའ་ངལ་འདི་ཚོའི་རིགས་ནི་ས་སྔར་ནས་དྷ་རམ་ས་ལ་ཡོད་པ་དང་། བོད་པ་ཚོར་སྦག་སྦག་དང་མོ་ཊ་སོགས་ཡོད་དུས་རིག་འདོད་དང་མཐོང་འདོད་མེད་མཁན་ཧ་ཅང་མང་པོ་རེད། མ་ཚད་དངོས་སུ་གནས་འཁོད་པ་ཚོར་རུབ་རྡུང་བྱེད་པ་སོགས་གནས་ཚུལ་མང་པོ་བྱུང་ཡོད་པ་དང་། ལོ་བརྒྱད་དགུའི་གོང་དུ་མཚམས་ཤིག་བོད་པ་ཚོ་ཕྱི་ལོག་ཏུ་བསྐྱོད་སྐབས་དོགས་གཟབ་ནན་པོ་བྱེད་དགོས་པ་དེ་འདྲ་བྱུང་ཡོད། སྐབས་ཤིག་ཁྲོམ་ས་ཡོངས་རྫོགས་ཀྱང་གཏོར་སོང་བ་མ་རེད་དམ།

  2. གཞུང་པ་ཚེ་དབང་བསོད་ནམས

    ཨ་ཁ་རྡ་རམ་ས་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་ཡོད་སའི་གཏི་གནས་ཞིག་ཡིན་པ་དང་ས་གནས་དེར་བོད་མི་བཙན་བྱོལ་བའི་འཚོ་བར་གནོད་སྐྱོན་གཏོང་མཁན་སུ་ཡིན་ཞིབ་འཇུག་དོ་ནན་མ་གནང་ཚེ་ངན་པ་ལང་ཤོར་དུ་སོང་ནས་ད་དུང་གནོད་སྐྱོན་བཟོ་སྲིད་པས་མེ་ཆུང་ས་ནས་གསོད་དགོས་པ་དང་ནད་ཆུང་དུས་ནས་བཅོས་དགོས་པའི་དཔེ་ལྟར་འགན་ཡོད་དབུས་བོད་མིའི་སྒྲིག་འཛུགས་ནས་ས་གནས་ཀྱི་མཐོ་རིམ་དཔོན་རིགས་ཁག་ལ་འབྲེལ་བ་གནང་ནས་མ་འོངས་ས་གནས་བོད་མིའི་འཚོ་གནས་བདེ་འཇག་ལ་གནོད་སྐྱོན་མི་འབྱུང་བའི་སྔོན་འགོག་ད་ལྟ་ནས་གནང་རྒྱུ་དེ་གལ་ཆེན་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད།