བོད་རིགས་ལས་མི་བསྡུ་རྒྱུ་མིན།

རྒྱ་ནག་ཁྲུང་ཆེན་གྲོང་ཁྱེར་དང་ཁྲིན་ཏུའུ་ཡི་ཚོང་གཉེར་ཁང་གཉིས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ལས་མི་བསྡུ་ཡི་ཡོད་ཀྱང་བོད་རིགས་དང་དབྱིས་རིགས་བསྡུ་རྒྱུ་མིན་པའི་གསལ་བརྡ་བཏང་འདུགབོད་ཀྱི་ལུགས་རྙིང་ལོ་གསར་དང་རྒྱ་ནག་གི་དཔྱིད་གསར་དུས་ཆེན་བསླེབ་ལ་ཉེ་བ་དང་བསྟུན། རྒྱ་ནག་ནང་ལོགས་དང་བོད་ཁུལ་གྱི་ལས་གཉེར་བ་མང་པོས་ལས་མཚམས་བཞག་སྟེ་ཕྱིར་རང་ཁྱིམ་དུ་ལོག་བཞིན་ཡོད་པའི་སྐབས་འདིར། རྒྱ་ནག་གི་བཟོ་ལས་ཁང་དང་ཚོང་གཉེར་ཁང་མང་པོར་ལས་མི་ཉུང་དྲག་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་ལྟར། སི་ཁྲོན་ཁྲིན་ཏུའུ་ལི་ཐོ་ཚོང་གཉེར་ཁང་ཆེན་མོའི་རང་འདེམས་ཚོང་ར་(Ito-Yokado)དང་། ཁྲུང་ཆིན་གྲོང་ཁྱེར་གྱི་ཅིན་ཧྥོང་གློག་འཕྲིན་ཐོན་སྐྱེད་ཁང་(Jinfeng Electronic Information Industrial Park)གཉིས་ཀྱིས། སྔ་གཞུག་ཏུ་དགུན་དུས་ཀྱི་གུང་སེང་དང་ལོ་གསར་སྐབས་ལས་ཞུགས་དགོས་པའི་ལས་མི་བསྡུ་བའི་གསལ་བརྡ་ཞིག་བཏང་བའི་ནང་། གྲངས་ཉུང་མི་རིགས་ཀྱི་ལས་མི་བསྡུ་ཡི་ཡོད་ནའང་། བོད་མི་དང་དབྱིས་རིགས་སོགས་བསྡུ་རྒྱུ་མིན་སྐོར་བསྒྲགས་ཏེ། རྒྱ་ནག་གཞུང་གི་བཅའ་ཁྲིམས་ཀྱི་འབྲུ་དོན་དང་འགལ་བའི་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་མངོན་གསལ་དུ་སྤེལ་འདུག

དེ་ཡང་ཅིན་ཧྥོང་གི་གསལ་བརྡའི་ནང་དུ། ལས་མིའི་སློབ་སྦྱོང་གི་གནས་ཚད་ངེས་མེད་ཡིན་ཡང་། བུ་མོ་ཡིན་ཚེ་ལོ་ ༡༨ ནས་ ༣༨ བར་དང་བུ་ལོ་ ༡༨ ནས་ ༣༥ བར་ཡིན་དགོས། འོན་ཀྱང་། བོད་པ་དང་དབྱིས་རིགས། དེ་བཞིན་ཁྲུང་ཆེན་གྲོང་ཁྱེར་གྱི་ཁོངས་གཏོགས་ཧྥིན་ཇི་རྫོང་གི་མི་དགོས་པ་དང་། ལས་ཀའི་ཐོག་མཚན་མོ་ལས་སྣོན་བྱས་ཟླ་གླ་རྒྱ་སྒོར་ ༤༥༠༠ལས་བརྒལ་བ་ཡོད་སྐོར་བྲིས་འདུག

དེ་བཞིན་ཁྲིན་ཏུའུ་ལི་ཐོ་ཚོང་གཉེར་ཁང་ཆེན་མོའི་རང་འདེམས་ཚོང་རའི་གསལ་བརྡའི་ནང་དུ། ལས་མི་བུ་དང་བུ་མོ་ལོ་ ༡༦ ནས་ ༤༥ བར་དགོས་པ་དང་། ལས་ཀའི་ཐོག་ཉམས་མྱོང་ཡོད་མེད་ལ་མ་ལྟོས་པར་འཕྲོད་བསྟེན་ཡག་པོ་ཅན་དང་ལས་ཀར་དོ་ནན་འགན་འཁུར་ལྡན་པ་དགོས། ང་ཚོས་བོད་མི་ཕུད་པའི་གྲངས་ཉུང་མི་རིགས་ཀྱི་ལས་མི་བསྡུས་ནའང་འགྲིག་གི་ཡོད། ཅེས་བྲིས་འདུག

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༢ ཉིན་འདི་ག་དུས་བབ་ཀྱི་གསར་འགོད་པས་བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་ལ་གནད་དོན་འདི་དང་འབྲེལ་ནས་བོད་མིའི་ལས་ཀའི་གོ་སྐབས་སྐོར་ལ་བཅར་འདྲི་ཞུ་སྐབས། ལས་ཀའི་ཐོག་ཁྱད་པར་ཆེན་པོ་ཡོད་པ་རེད། དེང་སང་བོད་མི་ཞིག་ལ་མཚོན་ན། ཁྲིན་ཏུའུ་ལྟ་བུར་ཕྱིན་ན་ཉལ་ས་ཡག་པོ་སྤྲོད་ཀྱི་མེད་པ་དང་། རླངས་འཁོར་ཞིག་ཉོས་པ་ཡིན་ནའང་ཐོབ་ཐང་ལག་འཁྱེར་སྟེང་ནས་བོད་མི་ཡིན་པ་ཤེས་རྗེས་རླངས་འཁོར་བཙོང་གི་མེད་ལ། རྒྱ་ནག་ནང་ལོགས་སུ་ཕྱིན་ནས་ལས་ཀ་འཚོལ་སྐབས་བོད་པ་ཡིན་པ་ཙམ་གྱིས་ལས་ཀ་སྤྲོད་ཀྱི་མེད་པའི་གནས་སྟངས་མང་པོ་ཡོང་གི་ཡོད་པ་རེད། དམིགས་བསལ་བོད་མི་ཚོ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་ཧོང་ཀོང་ལྟ་བུའི་གྲོང་ཁྱེར་ཆེ་ཁག་ཏུ་འགྲོ་བར་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཕྱི་ལོ་ ༢༠༡༨ ཟླ་ ༣ པའི་ནང་ཚོགས་པའི་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་སྐབས་ ༡༣ པའི་གྲོས་ཚོགས་ཐེངས་དང་པོའི་བཞུགས་མོལ་ལྷན་ཚོགས་ཐོག མགོ་ལོག་རྨ་ཆེན་རྫོང་ནས་ཡིན་པའི་བོད་རིགས་གྲོས་ཚོགས་འཐུས་མི་གཞས་མ་རྒྱ་མོ་སྐྱིད་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་བྱུང་རྗེས་བོད་གྲངས་ཉུང་མི་རིགས་ལ་ཡང་དག་མིན་པའི་ཕྱོགས་ལྷུང་གི་ལྟ་ཚུལ་ཞིག་བཟུང་ཡོད་པ་དང་། ཐེངས་ཤིག་མོ་རང་གིས་སྒྱུ་རྩལ་འཁྲབ་སྟོན་རུ་ཁག་ཅིག་འཁྲིད་དེ་པེ་ཅིང་དུ་ཕྱིན་སྐབས། གཞན་ཚང་མས་དཀའ་ངལ་མེད་པའི་ཐོག་ནས་མགྲོན་ཁང་ལ་ཐོ་འགོད་བྱས་ཡོད་ཀྱང་། མོ་རང་བོད་མི་ཞིག་ཡིན་པའི་རྐྱེན་གྱིས་ཐོ་འགོད་བྱེད་དུ་མ་བཅུག་པའི་དཀའ་ངལ་འཕྲད་ཡོད་པ་དང་། མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་དེ་དག་གིས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཆེན་པོ་བཟོ་ཡི་ཡོད་པས། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་བྱ་སྤྱོད་དེ་རིགས་ངེས་པར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

སྤྱིར་བཏང་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ཞེ་གཉིས་པ་སྤྱི་མང་ཡོངས་ཀྱི་ངལ་རྩོལ་གྱི་ཐོབ་ཐང་དང་འོས་འགན་ཞེས་པའི་ནང་དུ་ངལ་རྩོལ་ནི་ངལ་རྩོལ་བྱེད་པའི་ནུས་པ་ལྡན་པའི་སྤྱི་མང་ཡོངས་ཀྱི་རླབས་ཆེ་བའི་ལས་འགན་ཞིག་ཡིན་ལ། རྒྱལ་ཁབ་ཀྱིས་མི་མང་ལ་ལས་དོན་ཐོག་རྒྱབ་སྐྱོར་དང་། ལས་སྣེར་མ་ཞུགས་གོང་ལ་ལས་རིགས་སྦྱོང་བརྡར་སྤྲོད་དགོས་པ་སོགས་བཀོད་ཡོད་པ་མ་ཟད། ངལ་རྩོལ་བཅའ་ཁྲིམས་ཀྱི་རྩ་དོན་ལྔའི་ནང་དུ། ངལ་རྩོལ་བར་ལས་རིགས་གཉེར་བའི་ཐོབ་ཐང་དང་གོ་སྐབས་འདྲ་མཉམ་ཡོད་པ་དང་། རྒྱུགས་སྤྲོད་ཀྱི་འགྲན་རྩོད་བརྒྱུད་ལས་མི་བསྡུ་དགོས་པ། ལས་དོན་ཐོག་དཀའ་ངལ་ཡོད་པའི་སྦྲུམ་མ་དང་དབང་པོ་སྐྱོན་ཅན། གྲངས་ཉུང་མི་རིགས་ཀྱི་ལས་མི་བཅས་ལ་དམིགས་བསལ་གཟིགས་སྐྱོང་དགོས་པའི་སྐུལ་འདེད་བྱས་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ཀྱི་མི་སྣས་བཀའ་རྒྱ་བཏང་བ་ལྟར་རྒྱ་ནག་ནང་ལོགས་ཙམ་མ་ཟད། བོད་ཁུལ་དུ་ཡོད་པའི་རྒྱ་རིགས་ཚོང་པའི་མགྲོན་ཁང་ནང་བོད་རིགས་སྡོད་དུ་མ་བཅུག་པའི་དཀའ་ངལ་དང་། བཟོ་ཚོང་ཁང་སོགས་ཀྱི་ནང་བོད་རིགས་དང་ཡུ་གུར་མི་རིགས། སོག་རིགས་སོགས་ཀྱི་ལས་མི་བསྡུ་རྒྱུ་མིན་པའི་ཆ་རྐྱེན་མངོན་གསལ་དུ་བཏོན་པའི་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་བསྟུད་མར་བྱུང་དང་འབྱུང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་ཁྲིམས་ལུགས་ཀྱི་འབྲུ་དོན་དང་འགལ་བའི་གནད་དོན་དེ་དག་བྱུང་རྗེས་སྤྱི་ཚོགས་ཁྲོད་རྩོད་གླེང་ཡང་མང་པོ་ཡོང་གི་ཡོད་པ་རེད་ལ། ཁྲིམས་གཏུག་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༢༡

Leave a Reply

One thought on “བོད་རིགས་ལས་མི་བསྡུ་རྒྱུ་མིན།

  1. གཞུང་པ་ཚེ་དབང་བསོད་ནམས།

    རང་ལོ་བཅུ་དྲུག་ལ་ལས་ཀ་བསྐུལ་རྒྱུ་དེ་རྒྱལ་སྤྱིའི་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་དང་ཡོངས་སུ་འགལ་ཡོད་ན་ཁྲིམས་འགལ་གྱི་ལས་རིགས་ནང་རང་རིགས་བོད་མི་གཅིག་ཀྱང་མ་འཛུལ་ན་ལེགས་པ་མིན་འགྲོ་ང་ཚོའི་ལས་ཀ་ག་འདྲ་ཞིག་བྱས་ཀྱང་ཁྲིམས་དང་མཐུན་པ་ཡ་རབས་བཟང་སྤྱོད་དང་ཁ་མ་བྲལ་བ་ལས་རྒྱུ་འབྲས་དང་མཐུན་པ་ཞིག་དགོས་པ་ནི་བོད་མིའི་ནང་བསྟན་ཆོས་ལུགས་ཀྱི་བསྟན་པའི་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་བསླབ་བྱ་དང་མཐུན་པ་ཞིག་དགོས་པ་ཤིན་ཏུ་གལ་ཆེའོ།