བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོ་གསར་པར་འཚམས་འདྲི་གནང་།

རྒྱ་གར་གྱི་གཞུང་འཛིན་སྲིད་དོན་ཚོགས་པའི་ཚོགས་གཙོ་གསར་པ་སྐུ་ཞབས་ཇ་གད་པྲ་ཀ་ཤི་ན་དྷ་མཆོག་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་གནང་འདུགཁ་སང་ཕྱི་ཚེས་ ༢༠ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ཇ་གད་པྲ་ཀ་ཤི་ན་དྷ་ (Jagat Prakash Nadda)མཆོག་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཆེ་ཤོས་བྷི་ཇེ་པི་ཡི་སྐབས་ ༡༤ པའི་ཚོགས་གཙོར་བསྐོ་གཞག་བྱུང་བར་དགའ་བསུའི་འཚམས་འདྲི་གནང་སྟེ། སྐུ་ཞབས་ཇ་གད་པྲ་ཀ་ཤི་ན་དྷ་མཆོག་གི་དབུ་འཁྲིད་པའི་སྲིད་དོན་ཚོགས་པས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་སྐོར་གསུངས་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་ནང་ཚོགས་གཙོ་མཆོག་གིས། སྐུ་ཞབས་ཁྱེད་ཀྱིས་ལོ་མང་རིང་རྒྱ་གར་གྱི་ཆབ་སྲིད་སྤྱི་དང་། ལྷག་པར་དུ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ནང་ཞབས་ཕྱི་ཞུས་གནང་ཡོད། ཁྱེད་ནི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ལས་དོན་ཚོགས་གཙོ་མིག་དཔེར་འོས་པ་ཞིག་ཡིན་པར་བརྟེན། ད་རེས་ཁྱེད་ཉིད་ཚོགས་གཙོར་འདེམས་བསྐོ་གནང་བ་དེས་ཁྱེད་ཀྱི་ཁྱད་དུ་འཕགས་པའི་མགོ་འཁྲིད་ཀྱི་ནུས་པ་དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་ངོས་ནས་ཁྱེད་ལ་ཡིད་ཆེས་བློས་འགེལ་ཆེན་པོ་གནང་གི་ཡོད་པ་གསལ་པོ་མཚོན་གྱི་ཡོད། ཅེས་དང་། ཁྱེད་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་ཡོད་མཁན་ཞིག་དང་། མགོན་པོ་གང་གི་རྗེས་འཇུག་པ་ཞིག་ཡིན་པ། དེ་བཞིན་ཡུན་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན། དེ་སྔོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་རྒྱལ་ས་ལྡི་ལི་དང་། དྷ་རམ་ས་ལར་སྐུ་ཞབས་ཁྱེད་ལ་ཐེངས་ཁ་ཤས་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་ཐོབ་བྱུང། ཞེས་གསུངས་འདུག

ཡང་ཁོང་གིས། སྐུ་ཞབས་ཁྱེད་ཀྱིས་བོད་པའི་འཐབ་རྩོད་སྐོར་གསལ་པོ་མཁྱེན་གྱི་ཡོད་སྟབས། ཁྱེད་ཀྱི་མགོ་འཁྲིད་འོག ཁྱེད་དང་ཁྱེད་ཀྱི་སྲིད་དོན་ཚོགས་པས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་སྟེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་བྱེད་བཞིན་ཡོད། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། དེ་བཞིན་ང་ཚོས་རྒྱ་ནག་གཞུང་གི་མགོ་འཁྲིད་དང་། ༸གོང་ས་མཆོག་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད། དེ་ཡང་ཕྱི་ལོ་ ༢༠༡༠ ཟླ་ ༡ ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་ཡོད་པ་རེད། ང་ཚོའི་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་ལ་ཁྱེད་ཀྱིས་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་རེ་བ་ཡོད། ཅེས་གསུངས་འདུག

མཇུག་ཏུ་ཁོང་གིས། ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། རྒྱ་གར་གཞུང་མང་གཉིས་ཀྱིས་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་འཐབ་རྩོད་དང་། བོད་མིར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། ངས་ཁྱེད་ཀྱིས་ཚོགས་གཙོ་གནང་བའི་རིང་ཁྱེད་དང་ཁྱེད་ཀྱི་སྲིད་དོན་ཚོགས་པའི་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་འདུགགཞན་ཡང་། ཧི་མ་ཅལ་མངའ་སྡེའི་་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་རཱ་ཇིབ་བྷིན་ཌལ་ Rajeev Bindal ལགས་ཧི་མ་ཅལ་གྱི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་འཚམས་འདྲི་གནང་སེ། ཁོང་བོད་དོན་ཐད་རྒྱུས་མངའ་ཡོད་པ་ལྟར། སྔར་བཞིན་བོད་རྒྱ་ཞི་མོལ་གྱི་མཚོན་པའི་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་གནང་འདུག

དབུས་ཚོགས་གཙོ་སྐུ་ཞབས་ཇ་གད་པྲ་ཀ་ཤི་ན་དྷ་མཆོག་ནི་ཕྱི་ལོ་ ༡༩༦༠ ཟླ་ ༡༢ ཚེས་ ༢ ཉིན་རྒྱ་གར་གྱི་མངའ་སྡེ་བྷི་ཧར་ནང་སྐྱེས་ཡོད་ཀྱང་། མི་རྒྱུད་ཧི་མ་ཅལ་ནས་ཡིན་འདུག ཕྱི་ལོ་ ༡༩༩༣ དང་ ༡༩༩༨ ལ་སྐབས་གཉིས་བསྟུད་མར་ཧི་མ་ཅམ་མངའ་སྡེའི་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༤ ནས་ ༡༩༩༨ བར་མངའ་སྡེའི་བྷི་ཇེ་པི་ཚོགས་པའི་མགོ་འཁྲིད་གནང་ཡོད་འདུག དེ་བཞིན་བྷི་ཇེ་པི་ཚོགས་པས་ཧི་མ་ཅལ་གྱི་གཞུང་འཛིན་སྐབས་སྐུ་ཞབས་ཁོང་གིས་ཕྱི་ལོ་ ༢༠༠༨ ནས་ ༢༠༡༠ བར་ལོ་གཉིས་རིང་མངའ་སྡེའི་གཞུང་གི་ནགས་ཚལ་དང་ཁོར་ཡུག ཚན་རིག་དང་འཕྲུལ་ལས་བཅས་ཀྱི་བློན་ཆེན་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་གྱི་གྲོས་ཚོགས་གོང་མའི་(Rajya Sabha)འཐུས་མིར་འོས་འདེམས་བྱུང་བ་དང་བསྟུན། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༩ ནས་འདས་ལོའི་ཕྱི་ཟླ་ ༥ ཚེས་ ༨ བར་སྲིད་བློན་མུ་དྷི་མཆོག་གི་སྣེ་འཁྲིད་འོག་དབུས་ཀྱི་འཕྲོད་བསྟེན་བློན་ཆེན་གྱི་འགན་འཁུར་བཞེས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༡/༢༡

Leave a Reply