མོང་ཧོང་ཝེ་ལ་ལོ་བཅུ་གསུམ་དང་ལོ་ཕྱེད་ཀྱི་ཁྲིམས་ཐག་བཅད།

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་ཟུར་པ་རྒྱ་རིགས་མོང་ཧོང་ཝེ་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ལོ་བཅུ་གསུམ་ལྷག་དང་རྒྱ་སྒོར་ས་ཡ་ ༢ ཀྱི་ཁྲིམས་ཆད་བཅད་འདུགདེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་ནག་ཐེན་ཅིན་(Tianjin)འབྲིང་རིམ་མི་མང་ཁྲིམས་ཁང་དང་པོ་ཡིས། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་ཟུར་པ་མོང་ཧོང་ཝེ་(Meng Hongwei)ཡིས། རྒྱ་སྒོར་ས་ཡ་ ༡༤.༤༦ ཡི་ལྐོག་དངུལ་བླངས་ཡོད་པའི་ཉེས་མིང་འོག ལོ་ ༡༣ དང་ལོ་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཆད་དང་རྒྱ་སྒོ་ས་ཡ་ ༢ ཀྱི་ཉེས་ཆད་བཅད་ཡོད་འདུག

གནད་དོན་དེའི་ཐད་ཐེན་ཅིན་ཁྲིམས་ཁང་གིས་ཕྱི་ལོ་ ༢༠༠༥ ནས་ ༢༠༡༧ བར་མོང་ཧོང་ཝེ་རྒྱ་ནག་སྤྱི་མང་བདེ་འཇགས་ལྷན་ཁང་གི་བློན་ཆེན་དང་། རྒྱ་ནག་དབུས་ཉེན་རྟོག་ལྷན་ཁང་གི་མགོ་གཙོ་གཞོན་པ་ཡིན་སྐབས་རྒྱ་སྒོར་ས་ཡ་མང་པོའི་ལྐོག་དངུལ་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཆེན་པོ་བཟོས་ཡོད་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་དབུས་བརྙན་འཕྲིན་ཁང་(CCTV)གིས་སྤེལ་བའི་གནས་ཚུལ་ནང་མོང་ཧོང་ཝེ་ཡིས་ཁྲིམས་ཁང་གི་བཅད་ཁྲ་དྭང་ལེན་བྱས་ཡོད་སྐོར་བསྒྲགས་འདུག

མོང་ཧོང་ཝེ་རང་ལོ་ ༦༦ ཡིན་པ་དང་ཕྱི་ལོ་ ༢༠༡༦ ལོར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་(The International Criminal Police Organization )ཀྱི་ཚོགས་ཆེན་ཐེངས་ ༨༥ པའི་ཐོག་འགན་འཛིན་དུ་བསྐོ་བཞག་བྱས་ཡོད་ན་ཡང་། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༩ ཚེས་ ༢༩ ཉིན་མོང་ཧོང་ཝེ་ཧྥ་རན་སི་ནས་ཕྱིར་རྒྱ་ནག་ལ་ཕྱིན་རྗེས་གོ་ཐོས་མེད་པར་གྱུར། ཕྱིས་སུ་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་འོག་འདྲི་རྩད་བྱེད་བཞིན་ཡོད་སྐོར་ཡོངས་བསྒྲགས་བྱས་པ་མ་ཟད། སྔར་ལོའི་ཕྱི་ཟླ་ ༦ ནང་རྒྱ་ནག་གཞུང་གིས་མོང་ཧོང་ཝེ་ལ་ཁྲིམས་བཤེར་བྱས་པ་བརྒྱུད་རྒྱ་སྒོར་ས་ཡ་ ༡༤ ལྷག་གི་ལྐོག་རྔན་བླངས་ཡོད་པ་ངོས་ལེན་བྱས་ཡོད་སྐོར་བསྒྲགས་ཡོད་པ་རེད།

མོང་ཧོང་ཝེ་རྒྱ་ནག་ལ་ཕྱིན་ནས་གར་ཡོད་ཅི་བྱུང་མེད་པར་གྱུར་བ་ནས་བཟུང་། ཧྥ་རན་སིར་གནས་སྡོད་ཁོང་གི་བཟའ་ཟླ་དང་བྱིས་པ་བཅས་ལ་ཐེངས་གཅིག་ལའང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་དང་། ཁོང་གི་སྐོར་ལ་གསང་རྒྱ་དམ་པོ་བྱས་ཡོད་པས་རྒྱལ་སྤྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་ཁོང་གི་ཁྲིམས་རྩོད་པ་སུ་ཡིན་མིན་དང་། ཁྲིམས་མཐུན་གྱི་ཚབ་མཚོན་མི་སྣ་ཞིག་ཡོད་མེད་ལ་དོགས་གཞི་ཆེན་པོ་བྱས་ཏེ་རྒྱ་ནག་གཞུང་ལ་ཁོང་གི་གནད་དོན་སྐོར་ཕྱི་གསལ་ནང་གསལ་དགོས་པའི་རེ་སྐུལ་དང་སྐྱོན་བརྗོད་རིགས་བྱས་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ཁོའི་ནག་ཉེས་ནི་ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་སྐོར་བརྗོད་ནས་གནས་ཚུལ་ཞིབ་ཕྲ་གསལ་བཤད་གང་ཡང་བྱས་མེད་པ་དང་། ཁོང་གི་བཟའ་ཟླས་གནད་དོན་དེ་ལྐོག་རྔན་དང་འབྲེལ་བ་མེད་པར་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་བཙོན་འཇུག་བྱས་སྐོར་བརྗོད་ཡོད་པ་རེད།

ཁོང་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་རྒྱ་རིགས་འགན་འཛིན་ཐོག་མ་དེ་ཆགས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་ཕྱོགས་ནས་ཁོང་ལ་དགའ་བསུའི་འཚམས་འདྲི་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་རྒྱ་མི་ཞིག་འགན་འཛིན་དུ་བསྐོས་པ་ནི་ཀྲུང་གོའི་ཕྱི་ཕྱོགས་འབྲེལ་ལམ་གྱི་གྲུབ་འབྲས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་གི་ལས་དོན་བྱེད་ཕྱོགས་ལ་ངོས་འཛིན་བཟང་བོ་ཐོབ་པ་ཡིན་སྐོར་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་ན་ཡང་། སྐབས་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས། རྒྱ་ནག་དབུས་ཉེན་རྟོག་དཔོན་པོ་ཞིག་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་དུ་བསྐོས་པ་དེས་ཕྱི་ཕྱོགས་ཀྱི་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་མཁན་ཚོར་དམ་དྲག་ཤུགས་ཆེ་རུ་གཏོང་སྲིད་པའི་སེམས་འཚུབ་བྱུང་ཡོད་པ་རེད།

མོང་ཧོང་ཝེ་ནི་ཕྱི་ལོ་ ༡༩༥༣ ལོར་རྒྱ་ནག་བྱང་ཤར་ཧེ་ལོང་ཅང(Heilongjiang)ཞེས་པར་སྐྱེས་ཤིང་། རྒྱ་ནག་པེ་ཅིན་གཙུག་ལག་སློབ་ཆེན་དང་རྒྱ་ནག་གཞུང་འབྲེལ་ལྷོ་ཕྱོགས་གཙུག་ལག་སློབ་གཉེར་ཁང་སོགས་ནས་ཁྲིམས་ལུགས་རིག་པའི་སློབ་གཉེར་བྱས་ཡོད་པ་དང་། ཁོས་འདས་པའི་ལོ་ངོ་ ༡༢ རིང་རྒྱ་ནག་དབུས་སྤྱི་མང་བདེ་འཇགས་ལྷན་ཁང་གི་བློན་ཆེན་དང་། རྒྱ་ནག་དབུས་ཉེན་རྟོག་ལྷན་ཁང་གི་མགོ་གཙོ་གཞོན་པ་སོགས་ཀྱི་ལས་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་ཁོང་ཉེན་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་དུས་ཡུན་མ་ཚར་གོང་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། འདས་པའི་ལོ་ངོ་གསུམ་ཙམ་རིང་རྒྱ་ནག་གཞུང་གིས་ཁོང་བཀག་ཉར་འོག་བཞག་སྟེ་འདྲི་རྩད་དང་ཁྲིམས་བཤེར་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༡/༢༡

Leave a Reply