ཐའེ་ཝན་ནས་གང་མགྱོགས་རྒྱལ་བ་རིན་པོ་ཆེ་བསྐྱར་དུ་མཇལ་ཐུབ་པའི་སྨོན་ལམ་ཡོད།

ཐའེ་ཝན་ཤེས་རིག་བློན་ཆེན་གཞོན་པ་ལྕམ་ཧྥན་སིན་ལུའུ་ Fan Sun-lu མཆོག་གིས་དད་རྟེན་ཞིག་བསྐུར་ཏེ་ཐའེ་ཝན་ནས་གང་མགྱོགས་༧གོང་ས་མཆོག་བསྐྱར་དུ་མཇལ་ཐུབ་པའི་སྨོན་ལམ་ཡོད་སྐོར་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༩་ནས་༡༨བར་དུ་བོད་མི་མང་སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་གསེར་རྟ་ཚུལ་ཁྲིམས་ལགས། དབྱངས་ཅན་སྒྲོལ་དཀར་ལགས། བློ་བཟང་ཆོས་འབྱོར་ལགས་བཅས་ནས་ཐའེ་ཝན་གྱི་་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་གཞུང་འབྲེལ་ཡིན་མིན་གྱི་ཚོགས་སྡེ་སོགས་ལ་ཆེད་བཅར་གྱིས། བོད་དོན་ཞུ་གཏུག་དང་གོ་རྟོགས་སྤེལ་ནས་གཞུང་འབྲེལ་གྱི་ལས་དོན་གྲུབ་རྗེས། བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་སྒེར་ངོས་ནས་དེ་རིང་ཕྱི་ཚེས་ ༢༡ ཉིན་ཐའེ་ཝན་ཤེས་རིག་བློན་ཆེན་གཞོན་པ་ལྕམ་ཧྥན་སིན་ལུའུ་ Fan Sun-lu མཆོག་དང་། སྲིད་བློན་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་ཁོ་ལ་སི་ཡོ་ཊ་ཁ་Kolas yotaka ལགས། ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལོ་ཝན་ཅྰ ་བཅས་ལ་མཇལ་འཕྲད་གནང་འདུག

དེ་ཡང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་ཤེས་རིག་བློན་ཆེན་གཞོན་པ་མཆོག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེའི་རླབས་ཆེན་དགོངས་གཞི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ངོ་སྤྲོད་དང་། དབུ་མའི་ལམ་གྱི་སྲིད་བྱུས་དམངས་གཙོའི་ལམ་ནས་གཏན་འབེབ་བྱུང་སྟངས་དང་། དེ་བཞིན་ཐའེ་ཝན་དང་བོད་མིའི་འབྲེལ་བ་གོང་མཐོར་བཏང་སྟེ་བོད་ཕྲུག་མང་པོར་ཐའེ་ཝན་ནང་སློབ་སྦྱོང་གི་གོ་སྐབས་སྤྲོད་དགོས་པའི་རེ་འདུན་ཞུས་གནང་ཡོད་འདུག

སྐབས་དེར་བློན་ཆེན་གཞོན་པ་མཆོག་གིས། ༧གོང་ས་མཆོག་གི་མཁས་མཛངས་དང་། བྱམས་བརྩེས་ཕྱུག་པའི་རླབས་ཆེན་དགོངས་གཞི་ལ་དད་གུས་ཡོད་པ་དང་། དེ་སྔ་ཐའེ་ཝན་དུ་ལན་འགར་ཕེབས་པ་དང་། དམིགས་བསལ་ཀའོ་ཞོང་དུ་འབྱུང་བའི་གོད་ཆག་བྱུང་སྐབས་ཁོང་སྐུ་དངོས་སུ་ཕེབས་ནས་མི་མང་ལ་ཐུགས་གསོ་གནང་བ་སོགས་དྲན་གསོས་ཀྱི་འདུག་ཅེས། ལོ ༣༠༠ སྔོན་གྱི་རི་མོ་གྲགས་ཅན་དཀར་ཡོལ་དུ་དཔར་པ་ཞིག་༧གོང་ས་མཆོག་ལ་དད་རྟེན་དུ་བསྐུར་ཏེ། གང་མགྱོགས་ཐའེ་ཝན་ནང་བསྐྱར་དུ་ཆིབས་སྒྱུར་བསྐྱངས་ནས་མཇལ་ཐུབ་པའི་སྨོན་ལམ་ཡོད་ཅེས་གསུངས་འདུག

ཡང་བློན་ཆེན་མཆོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པ་དང་། ཐའེ་ཝན་ནང་ངོ་སྤྲོད་ཞིབ་རྒྱས་སྒོ་གང་ས་ནས་སྤེལ་རྒྱུ་གལ་ཆེན་པོ་ཡོད་པ། དེ་བཞིན་བོད་ཕྲུག་མང་པོ་ཐའེ་ཝན་དུ་སློབ་གཉེར་ཆེད་ཡོང་བར་འཆར་གཞི་ལྡན་པའི་རོགས་སྐྱོར་ཞིག་ཏན་ཏན་གནང་གི་ཡིན་ཞེས་ཞལ་བཞེས་གནང་སྟེ་བཀའ་མོལ་ལྷུག་པོ གནང་ཡོད་པ་དང་། གཞན་ཡང་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལོ་ཝན་ཅྰ དང་མཉམ་དུ་ཡང་ལས་འཆར་དེའི་སྐོར་བཀའ་མོལ་གནང་ཡོད་པ་རེད། དེ་བཞིན་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་སྲིད་བློན་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་ཁོ་ལ་སི་ལགས་དང་མཇལ་འཕྲད་གནང་སྐབས། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་གནང་ཡོད་པ་དང་། ལྕམ་ཁོ་ལ་སི་ལགས་ནས་སྤྱི་འཐུས་ཡིན་སྐབས་ནས་ད་བར་༧གོང་ས་མཆོག་ལ་དད་གུས་རྩེ་གཅིག་ངང་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར། མོས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང་། ཐའེ་ཝན་གྲོས་ཚོགས་ནང་བོད་སོག་ལས་ཁུངས་དང་འབྲེལ་བའི་བགྲོ་གླེང་དང་གྲོས་ཆོད་ཅི་བྱུང་གི་ཡིག་ཚགས་ཆ་ཚང་སྤྱི་འཐུས་ལགས་ལ་ཕུལ་གནང་འདུགགཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་ཐའེ་པེའི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཡང་ཅིན་ཡས་ 杨静宇 ལགས་དང་། བོད་རིག་པའི་ཞིབ་འཇུག་པ་དང་ཐའེ་ཝན་རྒྱལ་ཡོངས་ཕོ་བྲང་རྙིང་པའི་འགྲེམས་སྟོན་ཁང་གི་ཡིག་ཚགས་ཁང་གི་སྡེ་ཚན་འགན་འཛིན་ལོ་གོ་ཝེ་Prof. Lou guo-wei ལགས། ཉི་ཧོང་སློབ་གྲྭ་ཆེན་མོའི་རྒྱ་ནག་རིག་གཞུང་སྡེ་ཚན་གྱི་སློབ་དཔོན་དང་། ཐའེ་ཝན་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན་འོ་ཁ་ཝ་ཁེན་ས་ཁུ་ Prof. Okawa Kensakuལགས་སོགས་ལ་མཇལ་ཕྲད་གནང་ཡོད་པ་དང་། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༧ ནས་ ༩ བར་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ལས་ཁུངས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་དམངས་གཙོའི་སྐོར་གཏམ་བཤད་དང་དྲི་བ་དྲིས་ལན་བཅས་གནང་འདུགཐའེ་ཝན་ནས་གནས་ཚུལ་མཁོ་གཏོང་གནང་།

བསྐྱར་བཅོས།: ༢༠༢༠/༠༡/༢༢

Leave a Reply

2 thoughts on “ཐའེ་ཝན་ནས་གང་མགྱོགས་རྒྱལ་བ་རིན་པོ་ཆེ་བསྐྱར་དུ་མཇལ་ཐུབ་པའི་སྨོན་ལམ་ཡོད།

  1. གཞུང་པ་ཚེ་དབང་བསོད་ནམས།

    བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་བཞི་ལས་སྒྲུབ་པའི་ཚོགས་ཆུང་ཚོ་ཞབས་བྲོ་མཉམ་དུ་རྒྱབ་ནས་སྐེ་ཟེར་ལོག་ལ་བཅོས་པ་མ་རེད་དམ་ཧཧཧ