ཕ་ཡུལ་གྱི་འགྱུར་ལྡོག་གླེང་བ། གཉིས་པ།

བོད་ཤར་ཕྱོགས་ཀྱི་རྩྭ་ཐང་ཆེན་མོའི་འབྲོག་རྫོང་མཛོད་དགེ་དང་ཁྱུང་མཆུ་རྫོང་ཁོངས་ཀྱི་འབྲོག་པ་རྒན་རབས་པ་ཁག་ཅིག་ལ་འབྲོག་པའི་རྩྭ་ཐང་གི་འགྱུར་ལྡོག་གླེང་བའི་སྐད་ཆ་ཡིག་ཕབ་ཞུས་ཡོད།

སྒྲ་ཆེན་གསེར་གཞོང་སྡེ་བའི་འབྲོག་པ་ཨ་ཛི་ནོར་འཛིན། 

ཕ་ས་ཕ་ཡུལ་གྱི་སྐོར་ལ་ཁ་བརྡ་ཅུང་ཙམ་བྱས་ན།  ཕ་ས་སྨུག་པོ་འདིའི་ལོ་རྒྱུས་ཤིག་བཤད་དགོས་ན། དགོང་ཉི་མ་སྔོན་ཆད་ཞིག་ལ་དབལ་ཤུལ་རྨེ་བ་ས་ཆ་འདི་ན་ཡོད་པ་རེད། སྐབས་དེར་ས་འདིའི་རྩི་ཤིང་ནགས་ཚལ་དང་ས་ཡི་སྐྱེས་ཁམས། ཕྱུགས་རིགས་ཀྱི་འཕེལ་ཁ་དང་ཆེ་ཆུང་སོགས་དེ་རིང་ཁ་སང་གི་དུས་དང་བསྡུར་ཐབས་མེད་པ་ཞིག་ཡིན་པ་རེད། རྒྱུ་མཚན། སྐབས་དེར་ཁྱིམ་ཚང་རེ་རེ་དང་། དཔེར་ན་ཉག་རོང་ཕུ་ནུ་ཟེར་ན་ཁྱིམ་ཚང་གཅིག་ལ་སྟོང་ནོར་རེ་ཡོད་པ་རེད། ཕྱུགས་ཀྱིི་ཆེ་ཚད་ལ་མཚོན་ན་གཡག་གཅིག་གི་ཆེ་ཚད་དེ་འབྲོང་དང་བསྡུར་ཆོག་པ་ཞིག་ཡོད་པ་རེད། སྐབས་དེ་དུས་མི་ལ་ན་ཚ་མེད་པས་ཚེ་ཐག་རིང་བ་དང་། ཕྱུགས་ལ་གོད་ཁ་མེད་པས་འཕེལ་ཁ་རྒྱས་པ། སྐྱེས་ཁམས་ཡག་པོ་དང་སྐྱིད་པོའི་ངང་འཚོ་བ་རོལ་ནས་ཡོང་བ་རེད། ང་རང་ལ་མཚོན་ན་ཆུང་དུས་ནས་ས་ཆ་འདི་ནས་སྐྱེས་ཏེ་འཚར་ནས་ཡོང་བ་རེད། སྐབས་དེ་དུས་ག་འདྲ་ཞིག་རེད་ཟེར་ན། རི་རྒན་གྱི་ན་གཞོང་དང་ས་ཆ་འདིའི་རྩྭ་རྩི་ཤིང་སྐྱེས་ཁམས་སོགས་དེ་རིང་ཁ་སང་དང་བསྡུར་ཐབས་ཡོད་པ་མ་རེད། རི་རྒན་གྱི་ན་གཞོང་ལ་མཚོན་ན་ལམ་གཉིས་མ་གཏོགས་ཡོད་པ་མ་རེད། སྐབས་དེར་འཕྲུལ་རིགས་ཟེར་བ་ཞིག་ཡོད་པ་མ་རེད། རྟ་ཞོན་ཏེ་རི་བརྒྱུད་སྐོར་ནས་འགྲོ་དགོས་ན་ཐག་ཧ་ཅང་རིང་བས་ཉིན་གཅིག་ལའང་སླེབས་ཐུབ་པ་མ་རེད།

དེ་བཞིན་སྦྲ་ཆེན་གྱི་ཚྭ་ལུང་ཟེར་བ་དེའི་གད་པ་སྐྱ་བོ་དེ་འཐེན་ནས་སོང་བ་ཡིན་ན། ན་གཞོང་འདིའི་མཐར་བསླེབ་པར་ཆུ་ཚོད་ ༣ ལྷག་རེ་དགོས་པ་རེད། ཆུ་སྒྲ་ཡིས་མི་གཉིས་གསུམ་གྱིས་རྟ་ཞོན་ནས་སོང་བ་ཡིན་ན་མཐར་མ་སླེབས་བར་དུ་སྐད་ཆ་བཤད་ནའང་ཕར་ཚུར་གོ་ཐུབ་པ་མ་རེད། ན་གཞོང་དུ་རྟ་ཞོན་ནས་སོང་ན་སྨི་བཞི་ནས་ལྔ་བར་གྱི་ས་འགུལ་བཞིན་ཡོད་པས། རྒྱུས་ཡོད་ཅིག་མིན་ན་གོམས་གང་སྤོ་མི་ཕོད་པའི་གནས་སྟངས་ཡིན་པ་རེད། རྩྭ་སྐྱེས་པའི་རིང་ཚད་རྟ་ཡི་ཡོབ་ཆེན་བར་དུ་སླེབས་ཐུབ་པ་རེད། རི་རྒན་ན་གཞོང་གི་མགོ་ཁུངས་དེ་ཕར་ངོས་ཀྱི་ནགས་ལུང་གསུམ་ཡོད་པ་འདི་རེད། སྔོན་ཆད་ཡིན་ན་ནགས་ལུང་གསུམ་ནས་ཡོང་བའི་ཆུ་ན་གཞོང་ལ་བཞུར་ཏེ། ན་གཞོང་གི་རྒྱ་ཁྱོན་དང་ཆུའི་ཐོན་ཁུངས། རྩི་ཤིང་སྐྱེས་ཁམས་སོགས་དོ་སྙོམས་ཡོང་ཡོད་ན་ཡང་། ཕྱི་ལོ་ ༡༩༦༩ ལོ་ཡས་མས་ཞིག་ལ་གོང་མས་མ་ཤེས་རྦབ་རིལ། འོག་མས་མ་ཤེས་མེ་བཏང་ཟེར་བ་ལྟར། ན་གཞོང་ཚང་མ་བརྐོས་སོང་བ་རེད། སྐབས་དེར་འཕྲུལ་ཆས་ཟེར་ནས་མེད་ན་ཡང་།  ན་གཞོང་ལ་ཐར་བའི་འཕྲུལ་ཆས་ཤིག་གིས་ན་གཞོང་དེ་གཤགས་ར་དགུ་བརྒྱུད་དུ་བཏང་བཞག་པ་རེད།

ནགས་ལུང་གསུམ་གྱི་ཆུ་མགོ་ཚང་མ་ཆུ་མདོ་གཅིག་ལ་བསྡུ་བར་མི་ལོ་གསུམ་རིང་ས་བརྐོས་ཏེ། ཆུ་ཤུར་གསུམ་ལས་མེད་པ་བྱས་ནས་དེང་སང་ན་གཞོང་འདིའི་སྐྱེས་ཁམས་འདི་འདྲ་ཞིག་ཏུ་གྱུར་སོང་བ་རེད། སྐབས་དེ་ཕྱི་ལོ་ ༡༩༦༠ ནང་ཞིག་ཡིན་ལ། ནགས་ཚལ་ཡིན་ནའང་བྲེགས་ནས་མ་བཞག་པ་རེད། དཔེར་ན། ཁས་ཆེན་མའི་ནགས་ཟེར་བ་དེ་ནགས་ཆེན་མ་འདྲ་བ་ཞིག་ཡིན་པ་རེད། ནགས་དེའི་དཀྱིལ་དུ་མཚོ་དང་ཤུག་པ་སྐྱེས་ཡོད་ཟེར་སྲོལ་འདུག སྤྱིར་ན་ས་ཆ་འདི་ན་གཞོང་དང་ཐང་ཆེན་སོགས་རོང་ཕྱོགས་ཀྱི་ས་ཆ་དང་མི་འདྲ་བའི་ཁྱད་ཆོས་ཅན་ཞིག་ཡིན། རྒན་རབས་པ་ཚོས་ནགས་སྡོང་རེ་རེའི་རྩ་བ་ནས་ཆུ་རྒྱ་མ་ ༥༠༠ རེ་འཐེན་ཐུབ་ལུགས་བཤད་རྒྱུ་ཡོད་པ་དེ་གནས་ལུགས་ལྡན་པ་ཞིག་རེད། ནགས་ཚང་མ་བྲེགས། ན་གཞོང་ཚང་མ་གཤགས་ནས་དེང་སང་ཐང་རྒོད་དུ་གྱུར་འདུག  གཅིག་ནས་རྩྭ་སྐྱེ་རྒྱུ་མེད་པ་དང་། གཉིས་ནས་སེམས་ཅན་གྱི་འཕེལ་ཁ་ཇེ་ཉུང་དང་།  སྐྱེས་ཚད་ཇེ་དམའ་རུ་སོང་། ས་ཡི་སྐྱེས་ཁམས་ཇེ་སྡུག་དུ་སོང་བ་སོགས་རྒྱུ་མཚན་དེ་འདྲ་ཞིག་རེད།   སྔོན་ཆད་ལྟ་བུ་ཞིག་ལ་མཚོན་ན། རང་ས་མ་མོའི་བྲང་འདྲ་བོ་དང་། སྦྲ་ནག་ཨ་མའི་སྙིང་ལྟ་བུ་ཡོད་ས་ཞིག་རེད།  ཡིན་ནའང་། ལོ་རེ་ནས་ལོ་རེར་སྐྱེས་ཁམས་ཇེ་སྡུག་དང་ཕྱུགས་རིགས་སེམས་ཅན་གྱི་འཕེལ་ཁ་ཇེ་ཉུང་། མིའི་མི་གཤིས་སོགས་ཇེ་སྡུག་ནས་ཇེ་སྡུག་ལ་འགྲོ་བཞིན་ཡོད་པ་རེད།

གནའ་དུས་ས་ཆ་འདི་ནས་རྟ་ཁྲ་ཁྲ་རྐྱང་ལ་འདྲེས་ས་དང་། ནོར་ནག་པོ་འབྲོང་ལ་འདྲེས་ས། ལུག་དཀར་ཆུང་དགོ་བར་འདྲེས་ས་དེ་འདྲའི་ས་ཆ་ཡིན་པ་རེད།ང་རང་ལོ་གཞོན་པའི་སྐབས་སུའང་ན་གཞོང་དང་སྤང་ཁུག་དག་ན་དགོ་བ་ཁྱུ་ཁྱུ་བྱས་ཏེ་བསྡད་ཡོད་པའི་གནས་སྟངས་དེ་འདྲ་རེད། དེའི་ཡར་སྔོན་གྱི་ལོ་ཁ་ཤས་སྐབས་རྐྱང་ཡང་ཁྱུ་ཁྱུ་བྱས་ནས་བསྡད་ཡོད་པ་རེད། བར་སྐབས་ཤིག་ནས་རྨ་ཆུའི་རྐྱང་རུབ་ཟེར་བ་དེ་བྱས་ནས་ཉིན་གཅིག་ནང་ས་འདིར་མ་བསྡད་པར་རྐྱང་ཚང་མ་བུད་སོང་བའི་ལོ་རྒྱུས་ཡོད་པ་རེད། རིམ་གྱིས་ས་ཆ་འདི་བྱེ་སར་འགྱུར་རྒྱུ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་ཐན་བལྟས་མང་པོ་ཡོང་གི་ཡོད་པ་རེད། རི་རྒན་གྱི་ན་གཞོང་འདི་ལ་མཚོན་ན། འདི་ནས་མཚོ་ཁྲ་ལི་བརྒྱུད་མཛོད་དགེ་རྫོང་ལ་ཐུག་བསྡད་ཡོད་པ་རེད། རི་རྒན་གྱི་ན་གཞོང་འདི་ལ་མཚོན་ན། འདི་ནས་མཚོ་ཁྲ་ལི་བརྒྱུད་མཛོད་དགེ་རྫོང་ལ་ཐུག་བསྡད་ཡོད་པ་རེད། ཆར་བ་མ་བབས་ན་རྩྭ་ཆུ་མི་རག་པའི་ཚོད་ལ་ཐོན་བསྡད་ཡོད་པ་རེད། ན་ནིང་ལོར་སེམས་ཅན་ལ་ཆུ་འཐུང་རྒྱུ་མ་རག་པའི་རྐྱེན་གྱིས་རྒྱལ་ཁབ་ཀྱིས་དོང་ཆུ་བརྐོ་དགོས་བྱུང་ཡོད་པ་རེད། འཇིག་རྟེན་ལ་དཔེ་ཞིག་ཡོད་པ་ལྟར། དེང་སང་ལྟ་བུར་མཚོན་ན་བྲག་ངོས་ཀྱི་རྡོ་མི་ལོན་རྒྱུ་དང་བྲག་རྩའི་ཆུ་མི་ལོན་པའི་དུས་ཤིག་ཡིན་པས། མི་སེར་གྱི་འཚོ་བའི་སྟེང་ལ་དཀའ་ཁག་ཡོང་བའི་རྒྱུ་རྐྱེན་མང་པོ་འདུག   ང་རང་བྱིས་པ་ཡིན་སྐབས་དགུན་ས་ནས་ཟླ་ ༧ ཚེས་ ༥ ཡས་མས་བར་འདུག་པ་དང་། དབྱར་སར་བསླེབས་དུས་ནགས་ཞོལ་དང་ལུུང་མདོ་སོགས་ནས་བྱིས་པ་ལོ་བརྒྱད་དགུ་ཅན་རྩྭའི་ནང་ནས་མཐོང་མི་སྲིད། དབྱར་ས་ནས་དགུན་སར་སོང་ནའང་རྩྭ་དེ་བཞིན་སྐྱེས་ཡོད་པས་དགུན་དུས་ཧྲིལ་པོར་རྩྭ་ཡིས་འདང་བ་རེད།

ཁ་སང་དེ་རིང་ལ་མཚོན་ན། དགུན་ས་དབྱར་ས་མེད་པར་ལྕགས་ར་ཡིས་བསྐོར་ནས་བསྡད་ཡོད་པ་དང་།  རྒྱལ་ཁབ་ཀྱིས་རྩྭ་རིན་ཟེར་ནས་ཅིག་སྤྲོད་བཞིན་ཡོད་པ་དེ་ཟོས་ནས་བསྡད་ཡོད་པ་རེད། ཡིན་ནའང་ཕྱུགས་ཟོག་ལ་རྩྭ་རག་གི་ཡོད་པ་མ་རེད་ལ་ཤ་ཤེད་ཇེ་སྡུག་ཏུ་སོང་ཡོད་པ་རེད། སྔོན་ཆད་ཡིན་ན་རྨེ་ཟོག་ཟེར་དུས་ས་ཆ་ཆུང་ཆུང་ཞིག་ལ་སྙན་གྲགས་ཡོད་པ་རེད། ཉག་རོང་ཤུ་ནུ་བའི་ཟོག་བརྒྱུད་ནས་མར་ཆད་པའི་རྨེ་ཟོག་དེར་ས་ཆ་དང་སྐྱེས་ཁམས་སོགས་ཀྱིས་དེ་འདྲ་སྙན་གྲགས་ཡོད་པ་རེད། ད་ལྟའི་ཆར་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྱུར་བཞིན་ཡོད་པ་རེད།  མི་ལ་མཚོན་ནའང་ཇེ་ཆུང་ཇེ་ཆུང་དུ་གྱུར་ནས་གནའ་འདྲ་འདྲ་ད་མ་རེད། ཕ་འདྲ་འདྲ་བུ་མ་རེད་ཟེར་བ་ལྟར། གང་ཅིའི་ཐད་ནས་དེ་རིང་ཁ་སང་ཞན་ཆ་ཧ་ཅང་ཆེ་རུ་འགྲོ་བཞིན་ཡོད་པ་རེད།  ཕར་ཕྱོགས་ཀྱི་སྦྲ་ཆེན་དེའུ་རིའི་སྐོར་ཅིག་བཤད་ན། སྔོན་ཆད་དེར་ནགས་དང་ཤུག་པ་ཡོད་ཟེར་བའི་བཤད་སྲོལ་ཡོད་པ་རེད། ཡར་གྱི་དགུ་ཁོག་ཟེར་བ་དེར་སོང་ན་དགུའི་ཤྭ་དུང་ཟེར་བར་ཤྭ་བ་དང་སེམས་ཅན་མང་པོ་ཡོད་ས་ཞིག་ཡིན་པ་རེད།

དེང་སང་རྒྱལ་ཁབ་ཀྱིས་ཀྱང་སེམས་ཅན་རི་དྭགས་མ་གསོད་ཅེས་བཤད་ཀྱི་ཡོད་ནའང། ཝ་དང་སྤྱང་ཀི་རེ་མ་གཏོགས་གཅན་གཟན་རི་དྭགས་གཞན་ཧ་ལམ་མཐོང་རྒྱུ་མེད་པ་རེད། གང་ལྟར་སྐྱེས་ཁམས་དེ་འདྲའི་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་རེད། འདི་ལྟར་སོང་བ་ཡིན་ན་ནམ་ཞིག་བྱེ་སར་འགྱུར་ནས་མི་ཟོག་སེམས་ཅན་ཚང་མ་སྐྱིད་པོ་མེད་པའི་དུས་ཤིག་ཡོང་ས་རེད་བསམ་གྱི་་འདུག  སྔོན་ཆད་མཚོ་ཁྲ་ལིའི་གཡས་གཡོན་དུ་རུ་བ་བསྡད་ན། མཚོ་ཁར་བྱ་ངང་པ་དང་ཁྲུང་ཁྲུང་སོགས་བྱ་རིགས་སྣ་ཚོགས་མཐོང་རྒྱུ་ཡོད་པ་སོགས་མཚོ་ཁྱད་ཆོས་ཅན་ཞིག་ཡིན་པ་རེད།  མཚོའི་ནང་དུ་མཚོ་གླང་ཡོད་པས། མཚོ་འགྲམ་དུ་སྡོད་མཁན་གྱི་ཕྱུགས་ཟོག་ནང་མཚོ་གླང་གི་བུ་མཐོང་རྒྱུ་ཡོད་པ་སོགས། དེ་འདྲའི་ཁྱད་ཆོས་ཅན་ཞིག་ཡིན་པ་རེད། སྔོན་ཆད་དུས་བཟང་པོའི་སྐབས་སུ། མཚོ་ནང་དུ་འབྲུག་ཡར་འཕུར་མར་འབབ་བྱེད་པ་དང་། ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པ་དེ་འདྲ་རེད།

མཆན། རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་བཟོ་བསྐྲུན་བྱས་པའི་ཕ་ས་ཕ་ཡུལ་གྱི་འགྱུར་ལྡོག་གླེང་བའི་གཏམ་ཞེས་པའི་བརྙན་ལམ་བཅར་འདྲི་འདིའི་ནང་། བོད་ཤར་ཕྱོགས་ཀྱི་རྩྭ་ཐང་ཆེན་མོའི་འབྲོག་རྫོང་མཛོད་དགེ་དང་ཁྱུང་མཆུ་རྫོང་ཁོངས་ཀྱི་འབྲོག་པ་རྒན་རབས་པ་ཁག་ཅིག་ལ། འབྲོག་པའི་རྩྭ་ཐང་གི་འགྱུར་ལྡོག་གླེང་བའི་སྟོད་སྨད་བར་གསུམ་ཅན་གྱི་ཚན་པའི་ནང་ནས་སྟོད་ཆ་སྟེ། ཁྱུང་མཆུ་རྫོང་ཨ་མཆོག་ཧུ་ར་མའི་སྐོར་ཡིག་ཕབ་ཞུས་ཡོད་ལ། ཚན་པ་བར་མ་དང་སྨད་གཉིས་རིམ་གྱིས་གཏོང་འཆར་ཡོད།

བསྐྱར་བཅོས།: ༢༠༢༠/༠༡/༢༢

Leave a Reply