རྒྱ་ནག་གི་འགོས་ནད་དེས་འཛམ་གླིང་གི་འཕྲོད་བསྟེན་ལ་གནོད་སྐྱོན་བཟོ་སྲིད།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་གཙོ་བོར་གྱུར་བའི་གྲོང་ཁྱེར་ཁག་ཅིག་ནང་གློ་བའི་འགོས་ནད་ཅིག་འགོས་ཁྱབ་ཏུ་ཕྱིན་ནས་ཛ་དྲག་ཆགས་ཡོད་པས་ཕྱི་ནང་འགྲོ་འོང་མི་ཆོག་པའི་ཉེན་བརྡ་བཏང་འདུགདེ་རིང་རྒྱ་ནག་གཞུང་ཕྱོགས་ནས་འདི་ལོའི་ལོ་མགོ་ནས་བཟུང་ཝུ་ནན་ནས་གློ་བའི་འགོས་ནད་ཁྱད་མཚར་ཞིག་འགོས་ཁྱབ་ཏུ་འགྲོ་བའི་མགོ་བརྩམས་ཡོད་པ་དང་། ད་ལྟ་ཤེས་རྟོགས་བྱུང་བ་ཁྱོན་མི་གྲངས་ ༩ འདས་གྲོངས་དང་། མི་ ༤༤༠ ལྷག་ལ་ན་ཚ་དེ་འགོས་ཡོད་པ་དང་། དེ་བཞིན། མི་གྲངས་ ༢༢༠༠ ཙམ་ནས་འགོས་ནད་དེ་ཡོད་པའི་མི་དང་འབྲེལ་འདྲིས་བྱས་ཡོད་རྐྱེན། ནད་འགོས་ཡོད་པའི་དོགས་གཞིའི་འོག་མི་ ༡༠༡༥ ལ་བརྟག་དཔྱད་བྱས་རྗེས། མི་ ༧༡༥ ལ་འགོས་མེད་པ་ངེས་གཏན་བྱུང་བ་དང་། དེ་མིན་གྱི་མི་ ༣༠༠ ལྷག་སྨན་བཅོས་ཀྱི་ལྟ་རྟོག་འོག་བཞག་ཡོད་སྐོར་བསྒྲགས་འདུག་ཀྱང་། རྒྱལ་ཕྱིའི་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་བའི་ནད་པའི་གྲངས་འབོར་ལས་རྦད་དེ་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་བློན་ཆེན་གཞོན་པ་ལི་པེན་ཟེར་བ་དེས། ཝུ་ཧན་ནང་མ་འགྲོ་རོགས། ཝུ་ཧན་མི་མང་གྲོང་ཁྱེར་ནས་ཕྱིར་མ་འགྲོ་རོགས། ཞེས་དང་། ད་ལྟའི་ཆར་རྒྱ་ནག་སྔོན་འགོག་དང་སྟངས་འཛིན་གྱི་གནས་སྟངས་ཡ་ང་བའི་འོག་ལྷུང་ཡོད། ཅེས་བརྗོད་ཡོད་པ་དང་། སྤྱིར་བཏང་རྒྱ་མི་ཚོས་ཆུར་གནས་སེམས་ཅན་གྱི་ཤ་རིགས་ནི་འཕྲོད་བསྟེན་ལ་ཧ་ཅང་ཕན་ཐོགས་ཡོད་པར་ངོས་འཛིན་བྱས་ཏེ། སེམས་ཅན་གསོན་པོར་ཟ་བའི་གོམས་སྲོལ་དར་ཤུགས་ཆེ་ནའང་། ་ནག་ནད་རིགས་སྔོན་འགོག་ཁང་གི་འགན་འཛིན་གའོ་ཧྥོ་ཡིས། བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། འགོས་ནད་དེ་ནི་ཆུར་གནས་སེམས་ཅན་ནས་འགོས་བའི་ནད་རིགས་ཤིག་ཡིན་སྐོར་བརྗོད་ཡོད་པར་བརྟེན། ད་ལྟའི་ཆར་ཝུ་ཧན་གྲོང་ཁྱེར་ནང་ཆུར་གནས་སེམས་ཅན་རིགས་ཀྱི་ཤ་བཙོང་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུགད་ལྟ་རྒྱ་ནག་ནང་དཔྱིད་གསར་དུས་ཆེན་བསླེབ་ལ་ཉེ་བའི་སྐབས་དང་བསྟུན། མི་མང་སྟོང་ཕྲག་མང་པོ་རྒྱ་ནག་ནང་ལོགས་དང་ཕྱི་རྒྱལ་སོགས་སུ་ལོ་གསར་ལ་རོལ་བར་འགྲོ་བཞིན་ཡོད་སྟབས། འགོས་ནད་དེ་ཁྱབ་བརྡལ་ཤུགས་ཆེ་རུ་འགྲོ་བར་ཞེ་སྣང་ཆེན་པོ་བྱེད་ཀྱི་ཡོད་སྟབས། རྒྱ་ནག་མཁའ་འགྲུལ་ཚོང་གཉེར་ཁང་གིས་འགྲུལ་བ་ཚོས་དེ་སྔོན་ནས་ཝུ་ཧན་དུ་འགྲོ་བར་གནམ་གྲུའི་འཛིན་བྱང་ཉོས་ཚར་ཡོད་ཚེ། མཁའ་འགྲུལ་ཚོང་ལས་སྡེ་ཁག་གིས་འགྲུལ་བའི་དངུལ་རྣམས་ཕྱིར་སྤྲོད་དགོས་པའི་འབོད་སྐུལ་བྱས་འདུག་པ་དང་། དེ་བཞིན་ཝུ་ཧན་གཙོ་བོར་གྱུར་བའི་རྒྱ་ནག་གི་གྲོང་ཁྱེར་ཁག་དང་། བོད་ནང་དུའང་དུས་རྒྱུན་སྒོ་ཕྱིར་འགྲོ་སྐབས་མི་རྣམས་ཀྱིས་ཁ་རས་གྱོན་པ་དང་ཟ་ཁང་འདྲ་མིན་ནས་ཟས་རིགས་ཟ་བར་འཛེམས་ཟོན་བྱེད་བཞིན་ཡོད་འདུག

ཝུ་ཧན་གྲོང་ཁྱེར་གྱི་གནམ་ཐང་ནི་འཛམ་གླིང་གི་གྲོང་ཁྱེར་ཁག་ ༦༠ ལྷག་གི་གནམ་ཐང་དང་འབྲེལ་ཡོད་སྟབས། འབྲེལ་ཡོད་རྒྱལ་ཁབ་ཁག་མང་པོས་སོ་སོའི་གནམ་ཐང་དུ་བརྟག་དཔྱད་ལྟེ་གནས་ཆེད་འཛུགས་ཀྱིས། རྒྱ་ནག་ནས་ཡོང་བའི་མི་ཚོར་ན་ཚ་དེ་འགོས་ཡོད་མེད་བརྟག་དཔྱད་གཏོང་གི་ཡོད་པ་དང་། དེའི་ཁྲོད་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་ལྷོ་ཀོ་རི་ཡ།  ཉི་ཧོང་། ཐའེ་ཝན། ཧོང་ཀོང་། ཨོ་མན་བཅས་རྒྱལ་ཁབ་༦ ནང་འགོས་ནད་དེ་ཡོད་པའི་མི་གཅིག་རེ་རེ་དང་། ཐའེ་ལན་ཌིའི་ནང་མི་གསུམ་ཐོན་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་ཧྲང་ཧེ་དང་པེ་ཅིན། དེ་བཞིན། ཧྲིན་ཀྲིན་(Shenzhen)སོགས་ཀྱི་ནང་མི་བརྒྱ་ཕྲག་ལ་འགོས་ནད་དེ་བྱུང་ཡོད་པའི་གནས་ཚུན་ཐོན་གྱི་འདུག་ལ། ཧུའུ་པའེ་(Hubei) ཞིང་ཆེན་གྱི་རྒྱལ་ས་ཝུ་ཧན་གཙོ་བོར་གྱུར་བའི་ཉེ་འཁྲིས་གྲོང་ཁྱེར་ཁག་གི་མི་མང་རྣམས་སྒོ་ཕྱིར་འགྲོ་རྒྱུར་འཛེམས་ཟོན་དགོས་པ་དང་། ཞིང་ཆེན་དང་རྒྱལ་ཁབ་གཞན་ནས་ཡོང་མཁན་ཚོ་ཧུའུ་པའེ་ཞིང་ཆེན་ནང་འགྲོ་རྒྱུ་མེད་པའི་འབོད་སྐུལ་བྱས་འདུགཁ་སང་སིད་སུའི་གྲོང་ཁྱེར་ཇི་ནི་ཝའི་ནང་འཛམ་གླིང་འཕྲོད་བསྟེན་ཚོགས་པས་ཛ་དྲག་ཚོགས་འདུ་ཞིག་ཚོགས་ཏེ། རྒྱ་ནག་གི་འགོས་ནད་དེ་འཛམ་གླིང་རང་བཞིན་གྱི་འགོས་ནད་ཅིག་ཆགས་སྲིད་སྟབས། འཛམ་གླིང་མི་མང་གི་འཕྲོད་བསྟེན་ཛ་དྲག་གནས་སྟངས་འོག་ལྷུང་སྲིད་པ་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱལ་མཚམས་ཁག་ཏུ་ལྟ་ཞིབ་འཕྲུལ་ཆས་འཛུགས་རྒྱུ་དང་། སྨན་བཅོས་གྲ་སྒྲིག་སོགས་ཀྱི་ཐད་གྲོས་བསྡུར་བྱས་ཡོད་འདུག ཡིན་ནའང་། ད་ལྟའི་ཆར་ཚོགས་འདུ་དེའི་ཐོག་འགོས་ནད་དེ་སྔོན་འགོག་དང་བཅོས་ཐབས་སྐོར་གྱི་ཐབས་ལམ་ག་རེ་འཚོལ་དགོས་མིན་ཐད་ཐག་གཅོད་ཅི་བྱུང་གསལ་ཁ་མི་འདུགའགོས་ནད་དེར་རྒྱ་ནག་གི་ཚན་རིག་ཞིབ་འཇུག་ཁང་དང་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་སྡེའི་ཞིབ་འཇུག་ཁང་།  ཧྲང་ཧེ་ཡི་སྐྱེས་ཁམས་དང་དངོས་ཁམས། རྫས་འགྱུར་རིག་པའི་(Institut Pasteur of Shanghai)བཅས་ཀྱིས་ཞིབ་འཇུག་བྱས་ཏེ་ཁ་སང་དཔྱད་འབྲས་བཏོན་པ་ལྟར་ན། རྒྱ་ནག་གི་གློ་བའི་འགོས་ནད་དེ་མཁའ་དབུགས་བརྒྱུད་ནས་འགོས་ཀྱི་ཡོད་པ་དང་། དེའི་འགོས་ཚད་མྱུར་པོ་ཡིན་ལ། ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་ཀང་ཏུང་ནས་ཐོག་མར་བྱུང་སྟེ་ཟླ་ཤས་ནང་འཛམ་གླིང་རྒྱལ་ཁབ་ ༣༧ ནང་ཁྱབ་པའི་འགོས་ནད་དེ་དང་འདྲ་བོ་ཡོད་ཀྱང་། ནད་ཀྱི་ཤུགས་ཚད་སྔར་ལས་ཅུང་ཞན་པོ་དང་། ཁྱབ་ཚད་མྱུར་བོ་ཡོད་སྐོར་བསྒྲགས་འདུག་ལ། ད་ལྟའི་ཆར་འགོས་ནད་ངོས་ཟིན་པ་ལས་དམིགས་བསལ་བཅོས་ཐབས་རྙེད་ཀྱི་མེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༢༢

Leave a Reply