ཉིན་བདུན་ནང་ཚུད་བཙན་བྱོལ་བོད་མི་རྒྱ་གཞུང་ལ་རྩིས་སྤྲོད་བྱེད་པར་མོས་མཐུན་བྱས་ཡོད་པའི་གནས་ཚུལ་ཐོན།

རྒྱ་ནག་དང་བལ་གཞུང་བར་ཁྲིམས་འགལ་རྒྱལ་མཚམས་བརྒལ་བའི་ཉེས་ཅན་རྩིས་སྤྲོད་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་པ་བལ་ཡུལ་ཕྱི་སྲིད་བློན་ཆེན་གྱིས་ངོས་ལེན་བྱས་ཡོད་སྐོར་བསྒྲགས་འདུགའདས་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་བལ་ཡུལ་ནང་སྐོར་སྐྱོད་དུ་བསླེབས་སྐབས། ཡུལ་གཉིས་བར་ཁྲིམས་འགལ་ཐོག་རྒྱལ་མཚམས་བརྒལ་མཁན་གྱི་ཉེས་ཅན་རྩིས་སྤྲོད་སོགས་གཙོ་བོར་གྱུར་བའི་གྲོས་གཞི་དོན་ཚན་ ༢༠ ལ་མོས་མཐུན་མིང་རྟགས་བཀོད་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་།  གཞུང་ཕྱོགས་ནས་དེ་འབྲེལ་གྱི་ཡིག་ཆ་དང་གནས་ཚུལ་གང་ཡང་བརྒྱུད་ལམ་དུ་སྤེལ་མེད་པ་རེད། ཁ་སང་བལ་ཡུལ་གྱི་(khabarhub)གསར་ཁང་གིས། བལ་ཡུལ་ཕྱི་སྲིད་བློན་ཆེན་གྷ་ཝ་ལི་(Pradeep Gyawali) ཡིས་གྲོས་ཆོད་དེ་བཞག་ཡོད་པ་ངོས་ལེན་བྱས་ཡོད་སྐོར་དང་། གྲོས་ཆོད་དེ་ལ་ན་ནིང་ཡུལ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་གཉིས་ནས་མོས་མཐུན་མིང་རྟགས་བཀོད་ཡོད་སྐོར་བརྗོད་འདུག

དེ་ཡང་གནས་ཚུལ་དེའི་ནང་། བལ་ཡུལ་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར། གཞུང་གིས་རྒྱལ་སྤྱིའི་ཆིངས་ཡིག་གང་ཞིག་བཞག་ཡོད་ནའང་། བལ་ཡུལ་གྲོས་ཚོགས་མ་ཚོགས་གོང་གི་ཟླ་ ༡ ནང་ཚུད་དུ་གྲོས་ཚོགས་ལ་སྙན་གསེང་ཞུ་དགོས་པ་བཞིན། བལ་ཡུལ་ཕྱི་སྲིད་བློན་ཆེན་གྷ་ཝ་ལི་(Pradeep Gyawali) ཡིས། གྲོས་ཆོད་དོན་ཚན་ ༢༠ དེ་དང་འབྲེལ་བའི་དོགས་འདྲི་ཞིག་ལ་ཡིག་ཐོག་ནས་གསལ་བཤད་བྱས་ཡོད་པ་དང་འབྲེལ། བལ་ཡུལ་གཞུང་གིས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་ཚོ་ཉིན་བདུན་གྱི་ནང་ཚུད་དུ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པའི་གྲོས་ཆོད་དེ་བཞག་ཡོད་པ་ངོས་ལེན་བྱས་ཡོད་སྐོར་བཀོད་འདུག

དེ་བཞིན་བལ་ཡུལ་ཕྱི་སྲིད་བློན་ཆེན་ལྷན་ཁང་གི་གནད་ཡོད་མི་སྣ་ཞིག་གིས།  གྲོས་ཆོད་འདི་མགྱོགས་མྱུར་ལག་བསྟར་བྱ་རྒྱུ་རེད། ད་ལྟའི་ཆར་ཕྱོགས་གཉིས་ཀྱི་འབྲེལ་ཡོད་ལས་བྱེད་ཚོས་གྲོས་ཆོད་འདིའི་དགོས་ངེས་ནང་གསེས་གནད་དོན་ཁག་ཅིག་གི་ཐོག་གྲ་སྒྲིག་བྱེད་བཞིན་ཡོད་སྟབས། གྲོས་ཆོད་འདི་ལག་བསྟར་ཡོང་བར་ཉུང་མཐར་ཟླ་གཅིག་འགོར་གྱི་ཡོད་པ་རེད། ཅེས་བརྗོད་འདུག

གཞན་ཡང་། བལ་ཡུལ་རྒྱལ་ཡོངས་སྤྱི་མཐུན་(myrepublica)ཞེས་པའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། བལ་གཞུང་དང་རྒྱ་ནག་གཞུང་བར་ཁྲིམས་འགལ་ཐོག་ས་མཚམས་བརྒལ་བའི་ཉེས་ཅན་རྩིས་སྤྲོད་བྱ་རྒྱུར་མོས་མཐུན་མིང་རྟགས་བཀོད་ཟིན་ཡོད་པ་དང་། གྲོས་ཆོད་དེ་ནི་འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་བལ་ཡུལ་དུ་བསླེབས་སྐབས་བཞག་པའི་གྲོས་ཆོད་ཁག་གི་ནང་ནས་གཙོ་བོ་ཞིག་ཡིན་སྐོར་དང་། གྲོས་ཆོད་དེའི་དོན་ཚན་ ༢༦ པའི་ནང་གསེས་༢ ནང་། རྒྱལ་ཁབ་གཉིས་ཀྱི་ས་མཚམས་ལྟ་སྲུང་བ་དང་རྟོག་ཞིབ་ལས་བྱེད་པས། འགྲུལ་བས་ས་མཚམས་བརྒལ་སྐབས་ཐོབ་ཐང་ལག་འཁྱེར་དང་ས་མཚམས་བརྒལ་དོན་ཅི་ཡིན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་མནན་པོ་བྱེད་དགོས་པ་དང་། ཡིག་ཆ་ཁུངས་འཕེལ་མེད་ཚེ་བདུན་ཕྲག་ ༡ ནང་ཚུད་དུ་ཁོ་ཚོ་གང་ནས་ཡོང་ན་དེར་ཕྱིར་ལོག་གཏོང་དགོས། ཞེས་བཀོད་ཡོད་སྐོར་དང་། གྲོས་ཆོད་དེ་ལག་བསྟར་བྱས་ནས་ལོ་ ༡༠ ཡི་རྗེས། ཕྱོགས་གཅིག་གིས་བསྒྱུར་བཅོས་དགོས་པའི་རེ་འདུན་མ་བཏོན་ན་མུ་མཐུད་ལོ་ ༡༠ ལ་ལག་བསྟར་རྒྱུན་སྐྱོང་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་ཡུལ་གཉིས་བར་གྲོས་མཐུན་དོན་ཚན་ ༢༠ བཞག་ཡོད་ཀྱང་། ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་གཞི་གཏན་འབེབ་བྱུང་མེད་པའི་གནས་ཚུལ་ཐོན་ཡོད་པ་དང་། སྐབས་དེར་འདི་ག་དུས་བབ་ཀྱི་གསར་འགོད་པས་བལ་ཡུལ་སྐུ་ཚབ་དོན་གཅོད་ལགས་སུ་དེའི་སྐོར་སྐད་ཆ་འདྲི་སྐབས། བརྒྱུད་ལམ་དུ་གནས་ཚུལ་དེ་འདྲ་ཞིག་ཡོང་གི་ཡོད་ཀྱང་བདེན་པ་ཡིན་མིན་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་། བལ་ཡུལ་ནི་བཙན་བྱོལ་དུ་ཡོང་མཁན་བོད་མི་རྣམས་ཀྱི་ལམ་ཀ་གཙོ་བོ་ཞིག་ཆགས་ཡོད་སྟབས། གནད་དོན་དེར་ཕྱི་ནང་གང་ས་ནས་གནད་དོན་དེར་སེམས་འཚབ་དང་དོ་སྣང་བྱེད་མཁན་མང་པོ་བྱུང་ཡོད་པ་དང་། ད་ལྟ་སྔར་ལས་སེམས་འཚབ་བྱེད་དགོས་པའི་གནས་སུ་བསླེབས་ཡོད་པ་རེད།

ཕྱི་ལོ་ ༡༩༩༨ ལོར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་དང་སྐྱབས་བཅོལ་བའི་ཚན་པ་དང་བལ་གཞུང་བར་གྱི་ཆིངས་ཡིག་ནུས་མེད་ཆགས་རྗེས། ཨ་རིའི་རྒྱབ་སྐྱོར་འོག་བལ་ཡུལ་གཞུང་གིས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་ཚོར་བལ་ཡུལ་ནང་སྐྱབས་བཅོལ་ཐོབ་ཐང་སྤྲོད་རྒྱུ་མཚམས་འཇོག་བྱས་ཀྱང་། བོད་མི་སྐྱབས་བཅོལ་བ་བལ་ཡུལ་བརྒྱུད་རྒྱ་གར་ནང་བདེ་འཇགས་ངང་འགྲོ་འོང་བྱེད་དུ་འཇུག་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་རེད། ཡིན་ནའང་། ཉེ་བའི་ལོ་ཤས་ནས་བཟུང་བལ་ཡུལ་ནང་རྒྱ་ནག་གཞུང་གི་དབང་ཤུགས་ཧ་ཅང་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན། རྒྱ་མི་ཚོང་པ་མང་པོས་བལ་ཡུལ་གྱི་ས་ཁང་དང་ཚོང་ལས་སོགས་ཀྱི་གོ་སྐབས་མང་པོ་བདག་ཏུ་འཛིན་བཞིན་ཡོད་ལ། བལ་གཞུང་གིས་གནའ་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལའང་འབྲེལ་ལམ་ཉུང་དུ་བཏང་སྟེ་རྒྱ་ནག་ལ་བསྟུད་ཤེས་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༢༣

Leave a Reply