འབར་མ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཁང་གི་བཅད་ཁྲ་ངོས་ལེན་མ་བྱས།

རྒྱལ་སྤྱིའི་ཁྲིམས་ཁང་ནས་འབར་མ་གཞུང་གིས་རོ་ཧིན་གྷ་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་གཏན་འགོག་དགོས་པའི་བཅད་ཁྲ་བཏང་བ་ངོས་ལེན་བྱས་མི་འདུགཁ་སང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་རྒྱལ་སྤྱིའི་དྲང་བདེན་ཁྲིམས་ཁང་(International Court of Justice) གིས། འབར་མ་གཞུང་གིས་རང་གི་བྱང་ཕྱོགས་ར་ཁིན་(Rakhine)མངའ་སྡེ་ཁུལ་གྱི་གྲངས་ཉུང་ཁ་ཆེ་རོ་ཧིན་གྷ་ ( Rohingya) མི་རིགས་རྩ་མེད་འགྲོ་བའི་ཉེན་ཁའི་གནས་སུ་ལྷུང་ཡོད་པས།  འབར་མ་གཞུང་གིས་ཐབས་བྱུས་ཡོད་རྒུ་བཏོན་ཏེ་རོ་ཧིན་གྷའི་མི་རིགས་རྩ་སྟོང་དུ་མི་འགྲོ་རྒྱུར་སྔོན་འགོག་བྱེད་དགོས་པའི་བཅད་ཁྲ་བཏང་འདུག་ཀྱང་། དེ་རིང་འབར་མ་གཞུང་གིས་བསྒྲགས་གཏམ་སྤེལ་ཏེ། རྒྱལ་སྤྱིའི་ཁྲིམས་ཁང་གིས་བཏང་བའི་བཅད་ཁྲ་ཡིས་གནས་སྟངས་ཆ་ཚང་བའམ་ཇི་བཞིན་བསྟན་མེད་སྐོར་བརྗོད་དེ་ངོས་ལེན་བྱས་མི་འདུག

ཁྲིམས་ཞིབ་པ་ ༡༧ ལས་གྲུབ་པའི་ཁྲིམས་དཔོན་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༤༨ ལོར་གཏན་འབེབ་བྱས་པའི་རྒྱལ་ཚོགས་ཀྱི་མི་རིགས་རྩ་མེད་(Genocide Convention of  1948) ཀྱི་ཁྲིམས་ཡིག་གཞིར་བཟུང་། ད་ལྟའི་ཆར་རོ་ཧིན་གྷའི་མི་རིགས་དེ་རྩ་སྟོང་དུ་འགྲོ་བའི་ཉེན་ཁའི་མཚམས་སུ་བསླེབས་ཡོད་སྟབས། འབར་མ་གཞུང་ནས་མི་རིགས་རྩ་མེད་གཏོང་བའི་ལས་འགུལ་རིགས་ཆ་ཚང་བཀག་འགོག་བྱེད་དགོས་པ་མ་ཟད། ལྷག་པར་དུ་འབར་མས་རོ་ཧིན་གྷའི་མི་མང་དམར་གསོད་པའམ། ཡང་ན་ཁོ་ཚོའི་ལུས་སེམས་གཉིས་ལ་རྨས་སྐྱོན་ཚབས་ཆེན་གཏོང་བ། ཁོང་ཚོའི་ཐོག་བྱིས་པ་སྐྱེ་འགོག་གི་སྲིད་བྱུས་རིགས་སྤེལ་བ་སོགས་རྩ་བ་ཉིད་ནས་བྱ་རྒྱུ་མེད་པ་དང་། འབར་མའི་དམག་གིས་མི་རིགས་རྩ་མེད་གཏོང་བའི་ནག་ཉེས་བསག་རྒྱུ་མེད་ལ། དེ་བཞིན་གྱི་གཡོ་བྱུས་འཐེན་རྒྱུར་བཀག་འགོག་བྱེད་དགོས་པ་མ་ཟད། མི་རིགས་རྩ་མེད་གཏོང་བའི་གནད་དོན་དང་འབྲེལ་བའི་དཔང་རྟགས་རིགས་སྲུང་སྐྱོབ་བྱེད་དགོས་པའི་བཀའ་བཏང་ཡོད་འདུག

དེ་རིང་སྤེལ་བའི་འབར་མའི་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ནང་། ཡུལ་དེའི་རང་དབང་གི་རྟོག་ཞིབ་ཚོགས་ཆུང་ཞིག་གིས་ཞིབ་འཇུག་བརྒྱུད་འབར་མའི་ར་ཁིན་མངའ་སྡེའི་ནང་མི་རིགས་རྩ་མེད་གཏོང་བའི་གནས་ཚུལ་བྱུང་མེད་ཀྱང་། འཐབ་འཁྲུག་ཁྲོད་མི་མང་དཀྱུས་མར་བཤུ་གཞོག་ཐེབས་པའི་གནས་སྐབས་བྱུང་ཡོད་སྟབས། དེ་དག་ལ་ཡུལ་དེའི་ཆེས་མཐོའི་ཉེས་དོན་ཁྲིམས་ཁང་གིས་རྟོག་ཞིབ་དང་དེར་མཐུན་ཁྲིམས་ཆད་གཅོད་རྒྱུ་ཡིན་སྐོར་བཀོད་འདུག་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་འབར་མའི་ཕྱི་འབྲེལ་ལ་དོ་ཕོག་ཤུགས་ཆེན་བཏང་ཡོད་སྐོར་བརྗོད་དེ་བཅད་ཁྲ་ངོས་ལེན་བྱས་མི་འདུག

བཅད་ཁྲ་དེའི་སྐོར་ལ་རང་ལོ་ ༤༥ ཡིན་པའི་རོ་ཧིན་གྷའི་ཚོང་པའི་མགོ་འཁྲིད་ཅིག་གིས། ཉེས་མེད་ཀྱི་བཙན་གནོན་ཁྲོད་རྐྱེན་འདས་སོང་བའི་གཉེན་ཉེ་རྣམས་ཕྱིར་ལོག་རྒྱུ་མེད་ལ། སུས་ཀྱང་ང་ཚོར་གུན་གསབ་བྱ་རྒྱུ་མ་རེད། འོན་ཀྱང་། དམའ་མཐའ་སར་འཛམ་གླིང་ནས་འབར་མ་གཞུང་གིས་ང་ཚོའི་ཐོག་གདུག་རྩུབ་ཅན་གྱི་བྱ་ངན་བརྩམས་ཡོད་པར་ངོས་འཛིན་བྱས་ཡོད་པ་རེད། ཅེས་བརྗོད་དེ། ད་ལན་གྱི་བཅད་ཁྲ་དེ་བཏང་བ་ལ་བརྟེན་ནས་གྲངས་ཉུང་མི་རིགས་དེས་མུ་མཐུད་དྲག་གནོན་མྱོང་མི་དགོས་པའི་རེ་བ་བྱེད་ཀྱི་ཡོད་འདུག

ཡང་ཨ་རིར་གནས་སྡོད་ཆབ་སྲིད་དང་གཞུང་འཛིན་ཆེད་མཁས་པ་སློབ་དཔོན་ཨ་ལི་རི་ཡ་ཛི་(Ali Riaz) ཡིས་ཨལ་ཇེ་ཛི་ར་གསར་ཁང་ལ། འདིས་འབར་མ་གཞུང་གིས་ནག་ཉེས་ཚབས་ཆེན་བསགས་ཡོད་པ་དང་། ད་དུང་མུ་མཐུད་ལྐོག་ནས་རོ་ཧིན་གྷའི་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་བདེན་དཔང་བྱས་ཡོད། ཅེས་བརྗོད་དེ་བཅད་ཁྲ་དེ་ནི་མིའི་རིགས་ཀྱི་བཟང་སྤྱོད་ཀྱི་རྒྱལ་ཁ་ཞིག་ཡིན་སྐོར་བརྗོད་འདུགད་ལན་གྱི་ཁ་མཆུ་དེ་ནི་མི་འབོར་འབུམ་ ༢༡ ཙམ་ལས་མེད་པའི་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཆུང་གྲས་དྷི་གྷམ་བྷི་ཡ་(The Gambia) ཡིས་འདས་ལོའི་ཕྱི་ཟླ་ ༡༡ ནང་བཙུགས་པ་ཞིག་ཡིན་པ་དང་། ཟླ་སྔོན་མར་ཉན་ཞིབ་སྟེང་དྷི་གྷམ་བྷི་ཡ་ཡི་ཁྲིམས་དོན་བློན་ཆེན་ཨ་བྷུ་བྷ་ཁར་ཏམ་བྷ་དྷོ་ (Abubacarr Tambadou) ཆེད་བཅར་གྱིས་གྱོད་བཤད་བྱས་ཏེ་རོ་ཧིན་གྷ་གྲངས་ཉུང་མི་རིགས་ཀྱི་རྒྱབ་རྩར་ལངས་ཡོད་འདུག། ཡིན་ན་ཡང་འདས་པའི་ལོ་གསུམ་ཡར་སྔོན་དུ་ཞི་བདེའི་ཕོ་ཉར་འབོད་བཞིན་པའི་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་ཨང་སན་སུའུ་ཀེ་ (Aung San Suu Kyi) ལགས་ཀྱིས། རང་ཉིད་ལོ་ངོ་བཅུ་ཕྲག་གཅིག་རིང་བཟང་བཙོན་དུ་འཇུག་མཁན་གྱི་འབར་མའི་དམག་སྡེའི་རྒྱབ་རྩར་ལངས་ཏེ། རྒྱལ་སྤྱིའི་ཁྲིམས་ཁང་གི་ཉན་ཞིབ་སྟེང་། ཡུལ་དེའི་གྱེན་ལོག་ཤོག་ཁག་དང་གཞུང་དམག་བར་འཐབ་འཁྲུག་འབྱུང་སྐབས་མི་མང་དཀྱུས་མར་གནོད་འཚེ་ཕོག་པ་ཙམ་ལས། འབར་མའི་གཞུང་གིས་རོ་ཧིན་གྷ་གྲངས་ཉུང་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ངན་པ་སྤེལ་མེད་སྐོར་བརྗོད་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ཁང་ནས་ཁ་མཆུ་དེ་རྩིས་མེད་གཏོང་རྒྱུའི་འབོད་སྐུལ་ཞུས་པར་བརྟེན། རྒྱལ་སྤྱིའི་སྟེང་མོ་ལ་སྐྱོན་བརྗོད་བྱེད་མཁན་སྔར་ལས་ཇེ་མང་དུ་སོང་ཡོད་པ་དང་།  དྷི་གྷམ་བྷི་ཡ་རྒྱལ་ཁབ་ལ་དགའ་མོས་དང་ཡི་རངས་བསྔགས་བརྗོད་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༧ ཙམ་ལ་མི་འབོར་ས་ཡ་ ༡ ལྷག་ཡོད་པའི་རོ་ཧིན་གྷ་མི་རིགས་དེ་ནི་འབར་མའི་ནང་གི་ཁ་ཆེ་གྲངས་ཉུང་མི་རིགས་མི་འབོར་མང་ཤོས་དེ་ཡིན་ཞིང་། མང་ཆེ་བ་བྷང་ལ་དྷེ་ཤི་དང་ས་འབྲེལ་ཡིན་པའི་འབར་མའི་བྱང་ཕྱོགས་ར་ཁིན་མངའ་སྡེར་ཆགས་ཡོད་འདུག འོན་ཀྱང་འབར་མའི་གཞུང་གིས་རོ་ཧིན་གྷ་མི་རིགས་རྣམས་བྷང་ལ་དྷེ་ཤིའི་ཁྲིམས་མཐུན་མ་ཡིན་པའི་ཕྱི་མི་ཡིན་པ་ལས། འབར་མའི་མི་སེར་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པ་རེད། འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་རོ་ཧིན་གྷ་ཕོན་ཆེན་བྷང་ལ་དྷེ་ཤིར་གནས་སྤོས་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༥ ཉིན་རོ་ཧིན་གྷའི་གྱེན་ལོག་ཤོག་ཁག་ཨར་སཱ་ (Arsa)  ཟེར་བ་དེས། འབར་མའི་ཉེན་རྟོག་པའི་རྟེན་གཞི་ ༣༠ ལས་མང་བར་འཐབ་རྒོལ་བྱས་པར་བརྟེན། ནང་པའི་ཚོགས་ཁག་དང་འབར་མའི་དམག་གིས་རོ་ཧིན་གྷའི་གྲོང་གསེབ་རིམ་པ་བྱས་ནས་མེར་བསྲེགས་པ་དང་། མི་མང་དཀྱུས་མ་རྣམས་དམར་གསོད་བཏང་བ། བུད་མེད་ལ་བཙན་གཡེམ་དང་། སྦྲུམ་མའི་བྱིས་པ་ཕྱིར་བཏོན་ཏེ་གསོན་པོར་མེར་བསྲེགས་པ་སོགས་བྱས་ཡོད་ཚུལ་གྱི་གནས་ཚུལ་ཐོན་ཡོད་པ་རེད། འབར་མ་གཞུང་གིས་གྱེན་ལོག་ཤོག་ཁག་གཙང་བཟོའི་དམག་དོན་ལས་གཞི་དེ་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༥ ཉིན་ཚར་ཡོད་སྐོར་བསྒྲགས་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་སྲུང་སྐར་གྱི་པར་རིས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་དེའི་ཕྱི་ཟླ་ ༨ པའི་རྗེས་ར་ཁིན་ཁུལ་གྱི་གྲོང་གསེང་བརྒྱ་ཕྲག་མང་པོ་རྩ་མེད་བཏང་ཡོད་སྐོར་བརྗོད་ཡོད་པ་རེད་ལ། ད་བར་མང་ཆེ་བས་དོན་རྐྱེན་དེའི་ཁྲོད་ནས་རོ་ཧིན་གྷ་མི་མང་ ༢༤༠༠༠ ལས་མང་བ་རྐྱེན་འདས་སུ་སོང་བ་དང་། མི་གྲངས་ ༦༧༡༠༠༠ ལྷག་ཁྱིམ་མཚེས་བྷང་ལ་དྷེ་ཤི་རུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ། དེ་བཞིན་སྙན་ཐོ་མང་པོ་ཞིག་ནང་རོ་ཧིན་གྷ་གྲངས་ལས་འདས་པ་བོར་བརླག་སོང་ཡོད་པའི་ཁྲོད་མང་ཆེ་བ་རྐྱེན་འདས་སུ་སོང་བར་ངོས་འཛིན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༡/༢༤

Leave a Reply