ཨ་རིའི་དམག་མི་ ༣༤ ཡི་ཀླད་པར་གནོད་སྐྱོན་ཕོག

 ཨེ་རན་གྱིས་ཨ་རིར་དགྲ་ལན་ལོག་ཕྱིར་ཨ་རིའི་དམག་སྒར་ཞིག་ཏུ་མེ་ཤུགས་འཕུར་མདའ་འཕངས་པ་དེས་དམག་མི་ ༣༤ ཡི་ཀླད་པར་གནོད་སྐྱོན་ཕོག་ཡོད་པ་ཤེས་རྟོགས་བྱུང་།
དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཨ་རིའི་དམག་མིས་ཨི་རན་རྒྱལ་ཁབ་ཀྱི་དམག་དཔོན་( Qasem Soleimani) ཞེས་པ་དེ་བསད་པར་བརྟེན། ཕྱི་ཚེས་ ༨ ཉིན་ཨེ་རག་རྒྱལ་ཁབ་(Irag)ནང་དུ་ཡོད་པའི་ཨ་རིའི་དམག་སྒར་ཞིག་ལ་ཨི་རན་(Iran)དམག་གིས་མེ་ཤུགས་འཕུར་མདའ་འཕངས་ནས་དགྲ་ཤ་བླངས་ཡོད་པ་དང་། སྐབས་དེར་ཨ་རིའི་སྲིད་འཛིན་ཌོ་ནན་ཊོམ་ཕུ་(Donald Trump)མཆོག་གིས་གསར་ལམ་ཁག་ཏུ། ཨ་རིའི་དམག་མི་གཅིག་ལའང་རྨས་སྐྱོན་ཕོག་མེད་ཚུལ་བརྗོད་ཡོད་ཀྱང་།  ཨ་རིའི་དམག་མི་དེ་དག་ལ་སྨན་པས་བརྟག་དཔྱད་བྱས་པ་བརྒྱུད་མི་གྲངས ༣༤ ལ་ཀླད་པར་གནོད་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

ཨ་རིའི་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཇོ་ན་ཐན་ཧོབ་མན་(Jonathan Hoffman)ལགས་ཀྱིས། ཨེ་རན་གྱིས་མེ་ཤུགས་འཕུར་མདའ་བརྒྱབ་རྗེས་དམག་མི་ཚོའི་ཀླད་པར་རྨས་སྐྱོན་ཕོག་ཡོད་མེད་སྐབས་དེར་ང་ཚོས་ཤེས་རྟོགས་བྱུང་ཡོད་པ་མ་རེད། ཅེས་དང་། དེ་བཞིན། རྨས་སྐྱོན་ཕོག་པའི་དམག་མི་དེ་དག་ལས་མི་གྲངས་བརྒྱད་ཨ་རིར་ཞིབ་འཇུག་བསྐྱར་ནན་ཆེད་བསླེབས་ཡོད་པ་དང་། དམག་མི་དགུ་འཇར་མན་རྒྱལ་ཁབ་(Germany)ཏུ་སྨན་བཅོས་བྱེད་མུས་ཡིན་འདུག ལྷག་མ་བཅུ་དྲག་ཨེ་རག་རྒྱལ་ཁབ་རང་དུ་སྨན་བཅོས་བྱེད་ཀྱི་ཡོད་པ་དང་། གཅིག་ཀུ་ཝེཏ་རྒྱལ་ཁབ་(Kuwait)ཏུ་སྨན་བཅོས་བྱེད་ཀྱི་ཡོད་འདུག ཅེས་བརྗོད་འདུག

གནད་དོན་དེ་དང་འབྲེལ་ནས་གསར་འགོད་པ་ཚོས་སྲིད་འཛིན་ཊོམ་ཕུ་མཆོག་ལ་བཅར་འདྲི་བྱས་པར་ཁོང་གིས། ངས་ཁོང་ཚོ་མགོ་བོ་ཅུང་ཟད་ན་བ་ཐོས་བྱུང་། དེ་ནི་ཛ་དྲག་གི་གནད་དོན་ཞིག་མིན་པར་བརྗོད་ཐུབ་ལ། ངས་དེ་སྔོན་མཐོང་བའི་དོན་རྐྱེན་རྣམས་དང་བསྡུར་ན་དེ་ནི་ཆེན་པོ་གང་ཡང་མ་རེད་དྲན་གྱི་འདུག ཅེས་བརྗོད་འདུག

ཨ་རིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་ཨ་རིའི་སྲིད་འཛིན་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། ཨ་རིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གི་ཚོགས་མི་པཱོལ་རི་ཀོབ་(Paul Rieckhoff)ཞེས་པ་ཞིག་གིས། དེ་ནི་གནད་དོན་ཆེན་པོ་ཞིག་ཡིན། ཨ་རིའི་མི་ཞིག་ཡིན་ན། རང་རྒྱལ་གྱི་བུ་དང་བུ་མོ་ཚོར་བྱུང་བའི་གནོད་སྐྱོན་གང་ཞིག་ཡིན་ཡང་གཞུང་ངོས་ནས་གནད་དོན་དེ་དག་ལ་འགྲེལ་བརྗོད་གསལ་པོ་བྱས་ཏེ་ཤེས་པ་ཞིག་བྱེད་དགོས་པ་མ་ཟད། གཞུང་ངོས་ནས་ནམ་ཡང་མི་མང་གིས་ཡིད་ཆེས་བྱེད་འོས་པ་ཤིག་གནང་དགོས་པ་གལ་ཆེན་པོ་ཡིན་ཚུལ་བརྗོད་འདུག

ད་ལྟ་ཨེ་རག་རྒྱལ་ཁབ་ནང་ཕྱི་རྒྱལ་གྱི་དམག་མི་གྲངས་ ༥༠༠༠ ལྷག་ཡོད་པ་དང་། ཁ་སང་ཨེ་རག་རྒྱལ་ཁབ་ཀྱི་རྒྱལ་ས་བྷག་དག་ཏཱ་(Baghdad)་མི་མང་སྟོང་ཚོ་བརྒལ་བས་དམག་མི་དེ་དག་ཕྱིར་ལོག་དགོས་ཞེས་ངོ་རྒོལ་བྱས་ཡོད་པ་མ་ཟད། ཨེ་རག་གི་གྲོས་ཚོགས་ནང་དུའང་དེའི་སྐོར་ལ་གླེང་སློང་ཆེན་པོ་བྱུང་འདུག

 

ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་། 

བསྐྱར་བཅོས།: ༢༠༢༠/༠༡/༢༥

Leave a Reply