འཛམ་གླིང་ལག་རྩེད་སྤོ་ལོའི་སྐར་ཆེན་རྐྱེན་འདས་སུ་ཕྱིན།

འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཨ་རིའི་ལག་སྤོལ་རྩེད་འགྲན་པ་ཁོ་བྷི་ལགས་དང་ཁོང་གི་བུ་མོ་ཐད་འཕུར་གནམ་གྲུའི་བརྡབ་སྐྱོན་ཁྲོད་རྐྱེན་འདས་སུ་ཕྱིན་ཡོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་སྔ་དྲོར་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ལག་རྩེད་སྤོ་ལོའི་སྐར་ཆེན་དུ་གྲགས་པ། རང་ལོ་ ༤༡ ཡིན་པའི་ཁོ་བྷི་བྷེར་ཡན་ཊི་(Kobe Bryant)ལགས་སྒེར་སྤྱོད་ཐད་འཕུར་གནམ་གྲུ་ཞིག་ལ་བསྡད་དེ།  ཨ་རིའི་མངའ་སྡེ་ཁཱ་ལི་ཧྥོ་ནེའི་གྲོང་ཁྱེར་ཁ་ལཱ་བྷ་སཱ་(Calabasas)ཡི་རི་ངོས་ཤིག་ཏུ་བསླེབས་སྐབས། གློ་བུར་བརྡབ་སྐྱོན་བྱུང་སྟེ་ཁོང་དང་ཁོང་གི་བུ་མོ་གྷེ་ནཱ་(Gianna)བཅས་གནམ་གྲུ་དེའི་ནང་ཡོད་པའི་མི་ ༩ ཚང་མ་རྐྱེན་འདས་སུ་ཕྱིན་ཡོད་འདུག

ཁོང་གློ་བུར་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་གང་སར་ཁྱབ་རྗེས། ཁོང་ལ་དགའ་མོས་ཆེན་པོ་བྱེད་མཁན་མི་གྲངས་ས་ཡ་མང་པོས་མྱ་ངན་དང་། ཁོང་གི་ཁྱད་དུ་འཕགས་པའི་ནུས་རྩལ་ལ་ཆེ་བསྟོད་བྱས་ཏེ་རྗེས་དྲན་ཞུ་བཞིན་འདུག་ལ། རྒྱ་ནག་ནང་ཁུ་རོ་ནཱ་འགོས་ནད་ཛ་དྲག་ཏུ་འགྱུར་བཞིན་པའི་སྐབས་འདིར། ཝེ་པོ་དྲ་ཚིགས་སུ་འགོས་ནད་སྐོར་འཚོལ་ཞིབ་བྱེད་མཁན་མི་གྲངས་ས་ཡ་ ༥.༥༢ དང་། ཁོ་བྷི་སྐོར་འཚོལ་ཞིབ་བྱེད་མཁན་མི་གྲངས་ས་ཡ་ ༡༣ བྱུང་ཡོད་འདུག

འཛམ་གླིང་གི་གནད་དོན་མི་སྣ་མང་པོས་ཁོང་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་གིས། ཁོ་བྷི་ནི་འགྲན་ཟླ་བྲལ་བའི་ལག་རྩེད་སྤོ་ལོ་བ་ཞིག་ཡིན། ང་དང་མཱ་ཁེལ་ངེད་གཉིས་ཕ་མ་ཞིག་ཡིན་པའི་ཆ་ནས། ད་རེས་ཁོང་གི་བུ་མོ་གྷེ་ནཱའང་རྐྱེན་འདས་སུ་ཕྱིན་པ་དེས་སེམས་ལ་ན་ཟུག་ཆེན་པོ་བསླངས་བྱུང་། དེར་བརྟེན། ཡིད་སྐྱོ་བའི་ཉིན་མོ་འདིར་ང་དང་མཱ་ཁེལ་གཉིས་ཀྱིས། བྷེར་ཡན་ཊིའི་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད། ཅེས་གསུངས་འདུག་པ་དང་། ཨ་རིའི་རྒྱལ་ཡོངས་ལག་སྤོ་རྩེད་འགྲན་ཚོགས་པས། དེ་རིང་ཁོ་བྷི་དང་གྷེ་ནཱ་གཉིས་རྐྱེན་འདས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་འདིས་ང་ཚོར་གདུང་སེམས་དྲག་པོ་བཟོས་སོང་། ལག་སྤོལ་རྩེད་འགྲན་ཐེངས་ ༢༠ རིང་ཁོ་བྷི་ལགས་ཀྱིས།  ང་ཚོར་ཡོང་མི་སྲིད་པ་མང་པོ་ཞིག་མངོན་འགྱུར་འབྱུང་སྲིད་པའི་ངེས་ཤེས་སྤྲད་བྱུང་། ཞེས་བརྗོད་ཡོད་པ་རེད།གསར་འགྱུར་བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཁ་སང་ཁོང་ལོ་སི་ཨན་ཇི་ལི་སི་ལཱ་ཁར་སི་ལག་སྤོལ་རྩེད་འགྲན་ཁང་(Los Angeles Lakers’ stadium)དུ། ཨ་རིའི་གྷར་མི་(Grammy)གློག་བརྙན་དང་རོལ་དབྱངས་ཀྱི་གཟེངས་རྟགས་མཛད་སྒོ་ཞིག་གི་ཐོག་ཕྱིན་ཡོད་པ་དང་། ལམ་བར་ནས་དོན་རྐྱེན་བྱུང་རྗེས་གྷར་མི་གློག་བརྙན་དང་རོལ་དབྱངས་གཟེངས་རྟགས་ཀྱི་མདོ་འཛིན་པ་ཨ་ལི་ཤི་ཡ་ཁེ་ཡ་སི་(Alicia Keys)ཡིས། དེ་རིང་སྔ་དྲོར། ལོ་སི་ཨན་ཇལ་སི་དང་ཨ་རི། དེ་བཞིན། འཛམ་གླིང་གི་དཔའ་བོ་ཞིག་མེད་པ་ཆགས་སོང་ལ། ང་ཚོ་ཁོ་བྷི་ལགས་ཀྱིས་བཟོས་བའི་ཁང་པ་འདིའི་ནང་ལངས་ནས་སེམས་པར་སྡུག་གིས་ཁེངས་ཡོད། ཅེས་བརྗོད་འདུག་ལ། ལྟད་མོ་བ་མང་པོར་རང་དབང་མེད་པར་མིག་ཆུ་ཤོར་ཞིང་དགའ་སྐྱིད་ཀྱི་འདུ་འཛོམས་དེ་སྐྱོ་སྣང་གིས་ཁེངས་ཡོད་འདུགཁོ་བྷི་བྷེར་ཡན་ཊི་ལགས་ནི་ཕྱི་ལོ་ ༡༩༧༨ ལོའི་ཟླ་ ༨ ཚེས་ ༢༣ ཉིན་ཨ་རིའི་གྲོང་ཁྱེར་ཆེ་ཤོས་ཧྥི་ལ་ཌལ་ཧྥི་ཡའི་ནང་། ཨ་རིའི་ལག་སྤོལ་རྩེད་མོ་བ་ཇོ་བྷེར་ཡན་ཊི་(Joe Bryant)ལགས་དང་། པཱ་མེལ་ཁོ་སི་བྷེར་ཡན་ཊི་(Pamel Cox Bryant)ལགས་གཉིས་ཀྱི་བུ་རུ་སྐྱེས་ཡོད་པ་དང་། ཁོང་གཉིས་ལ་བུ་མོ་གཉིས་དང་བུ་གཅིག་ཡོད་འདུག ཁོ་བྷི་ལོ་ན་ ༣ ཙམ་ལ་སོན་པ་ནས་ཨ་ཕའི་འཁྲིད་སྟོན་འོག་ལག་སྤོལ་རྩེ་བའི་མགོ་བརྩམས་ཡོད་པ་དང་། ཁོང་(Lower Merion High School)མཐོ་སློབ་ཀྱི་ལག་སྤོལ་རུ་ཁག་ནང་ཡོད་སྐབས་ཨ་རིའི་རྒྱལ་ཡོངས་ནང་ངོས་འཛིན་ཐོབ་པ་དང་། ཕྱི་ལོ་ ༡༩༩༦ ལོར་ཁོང་ཨ་རིའི་ལག་སྤོལ་ཆེད་ལས་པའི་རུ་ཁག་(Lakers)ནང་ཞུགས་ཏེ། རྩེད་འགྲན་ཁྲོད་ལཱ་ཁར་སི་རུ་ཁག་ལ་ཐེངས་ ༥ རིང་རྒྱལ་ཁ་ཐོབ་པ་དང་། ཕྱི་ལོ་ ༢༠༠༦ ལོར་(Toronto Raptors)རུ་ཁག་དང་རྩེད་འགྲན་སྐབས། ཁོ་བྷི་ལགས་ཀྱིས་ཁྱོན་སྤོ་ལོ་ ༨༡ བླུགས་ཏེ། ལག་སྤོལ་རྩེད་འགྲན་གྱི་ལོ་རྒྱུས་ཁྲོད་མི་སྒེར་ཞིག་ནས་སྤོལ་བླུགས་པའི་གྲངས་འབོར་མང་ཤོས་ཨང་ ༢ པ་དེ་ཆགས། ཕྱི་ལོ་ ༢༠༠༨ རྗེས་ནས་ཐེངས་ ༢ རིང་ཨ་རིའི་རྒྱལ་ཡོངས་རྩེད་འགྲན་པ་ཡག་ཤོས་དང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་པེ་ཅིན་དང་། ཕྱི་ལོ་ ༢༠༡༢ ལོར་དབྱིན་ཡུལ་དུ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སོགས་ཀྱི་ཐག་གསེར་གྱི་རྟགས་མ་མང་པོ་ཐོབ། ཕྱི་ལོ་ ༢༠༠༨ ལོར་ཁོང་འཛམ་གླིང་གི་རིན་གོང་ཆེ་ཤོས་ཀྱི་ལག་སྤོལ་རྩེད་འགྲན་པར་གྱུར་ཡོད་པ་རེད། ཕྱི་ལོ་ ༢༠༡༦ ལོར་རྒན་གཡོལ་ཞུས་ཡོད་དང་། ཕྱི་ལོ་ ༢༠༡༨ ལོར་སྙིང་ཉེ་བའི་ལག་སྤོལ་ཞེས་པའི་འགུལ་རིས་བརྙན་ཐུང་ཞིག་བཟོས་པར་རྒྱལ་སྤྱིའི་ཨོ་སི་ཁར་(Oscar)གཟེངས་རྟགས་ཐོབ་ཡོད་པ་དང་། ཁོ་བྷི་བྷེར་ཡན་ཊི་ལགས་ཀྱིས་ཕྱི་ལོ་ ༢༠༠༡ ལོར་མཛེས་མ་ཝཱ་ནི་སཱ་བྷེར་ཡན་ཊི་(Vanessa Bryant)དང་གཉེན་སྒྲིག་བྱས་ཏེ་བུ་མོ་བཞི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༢༧

Leave a Reply

2 thoughts on “ འཛམ་གླིང་ལག་རྩེད་སྤོ་ལོའི་སྐར་ཆེན་རྐྱེན་འདས་སུ་ཕྱིན།

  1. དབུ་མ་བ་འཕྲིན་ལས།

    ཐུགས་སྣང་གནང་དགོས་པ་གཉིས་དགོངས་པའི་དཔྱད་གཞིར་ཕུལ།
    basketball སིལ་སྤོལ།
    handball ལག་སྤོལ།

    Michael མཱ་ཁལ། དཔེར་ན། མཱ་ཁལ་ཇེག་སན།
    Michelle མི་ཤཱལ། དཔེར་ན་མི་ཤཱལ་ཨོ་བྷ་མ།

  2. གཞུང་པ་ཚེ་དབང་བསོད་ནམས

    ཨ་ཁ་ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་་་་་་་་་་་་་་་་་་ཧྲི་་་་་་་་་་་་་་་་་་་་་་་་་་་་་་་་་་ཧྲི།