རྒྱ་མིས་བོད་མི་ས་ཡ་ལྷག་བསད་ཀྱང་བོད་མིའི་སེམས་ཤུགས་ནམ་ཡང་ཆག་མེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་དགེ་སློབ་ཚོར་ཚན་རིག་ཀུན་བཏུས་ཀྱི་དཔེ་དེབ་ཀློག་ཐུབ་པ་ཡིན་ན་བོད་པའི་རིག་གཞུང་དེའི་ནང་དུ་ཚུད་ཀྱི་ཡོད་པས་དེ་བཤད་ཐུབ་མཁན་བོད་པ་ཁོ་ན་ལས་གཞན་མེད་སྐོར་གསུངས་འདུག 

དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བལ་ཡུལ་དུ་རྟེན་གཞི་བྱས་པའི་རྣམ་རྒྱལ་སློབ་གྲྭའི་དགེ་སློབ་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་ཡོད་པ་དང་། སྐབས་དེར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སེམས་ཀྱི་ཞི་བདེ་བསྐྲུན་པར་ནང་ཆོས་ལས་ལྷག་པ་མེད་སྐོར་གསུངས་འདུག

མཇལ་ཁ་དང་འབྲེལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སློབ་ཕྲུག་ཚོས་དུས་ཚོད་ཡོད་སྐབས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་དེབ་ངེས་པར་བཀླག་དགོས་པ་དང་།  དཔེ་དེབ་དེ་ནི་ཆེད་མངགས་ཕྱོགས་བསྒྲིགས་བྱས་པ་ཡིན་པས། དེ་ནི་ཆོས་བྱ་རྒྱུའི་སྐད་ཆ་གང་ཡང་མིན་པར་དེང་རབས་ཤེས་ཡོན་(modern education)ཟེར་བ་ནུབ་ཕྱོགས་ནས་དར་བ་དང་།དེང་རབས་ཤེས་ཡོན་ལམ་ལུགས་ཁོ་ནར་བརྟེན་པ་ཡིན་ན་མི་ཚེ་སྐྱིད་པ་ཞིག་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། དེ་བརྒྱུད་ནས་སེམས་ནང་ཕྲག་དོག་དང་འགྲན་སེམས།ང་རྒྱལ།རང་གཅེས་འཛིན་བཅས་ཀྱི་བསམ་བློ་ཤུགས་ཆེན་པོ་ཆགས་ཀྱི་ཡོད་སྟབས།ང་རང་ཚོའི་ནང་པའི་གཞུང་ནས་གསུང་པའི་ཚན་རིག་དང་ལྟ་གྲུབ་དེ་དག་གཞི་རྩའི་ཡོང་ཁུངས་ནང་པའི་གཞུང་ཡིན་ཡང་། བརྗོད་བྱ་དེ་དག་སྤྱིར་བཏང་ཤེས་ཡོན་གྱི་སྡེ་ཚན་ཁོངས་སུ་འཇོག་དགོས་པ་དང་། སྤྱིར་བཏང་ཤེས་ཡོན་ཙམ་དུ་མ་ཟད་ནང་གི་བསམ་བློ་ཞི་བདེ་ཡོང་བའི་ཐབས་ལམ་ཞིག་ལའང་བརྩི་དགོས། དེའི་ཐོག་ཁྱེད་ཚོས་དོ་སྣང་བྱོས།ཞེས་གསུངས་འདུག

ཡང་ཁོང་ཉིད་ཀྱིས་མུམཐུད་ངོས་ཀྱིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་དེ་བཞིན་ཆེད་མངགས་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱའི་བརྗོད་བྱ་དེ་དག་ཚན་རིག་དང་ལྟ་གྲུབ། ཆོས་ཕྱོགས་ཀྱི་སྡེ་ཚན་བཅས་དུམ་བུ་གསུམ་དུ་དབྱེ་ཐུབ་ཀྱི་ཡོད་པ་དང་། ཆོས་ཕྱོགས་ཀྱི་སྡེ་ཚན་ནི་ནང་པ་ཁོ་ནའི་བྱེད་སྒོ་ཡིན་སྟབས་ནང་པ་དང་འབྲེལ་བ་ཡོད་ན་ཡང་། ནང་ཆོས་ནས་གསུང་པའི་ཚན་རིག་དང་ལྟ་གྲུབ་སྡེ་ཚན་གཉིས་ནི་ཆོས་དད་ཡོད་མེད་ཆ་ཚང་ལ་འབྲེལ་བ་འདུག བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱའི་ནང་ནས་ཚན་རིག་དང་ལྟ་གྲུབ་བཅས་ཀྱི་སྐོར་ཕྱོགས་སྒྲིག་བྱ་ཐུབ་ན་བསྙམས་ནས་དེབ་འདི་བྱུང་བ་རེད། དེབ་འདི་བཀླག་ཐུབ་པ་བྱུང་ཚེ་བོད་པའི་རིག་གཞུང་ཡང་འདིས་མཚོན་ཐུབ་ཀྱི་ཡོད། འདི་བཤད་ཐུབ་མཁན་བོད་པ་ཁོ་ན་ལས་གཞན་མེད། ད་ཆ་འཛམ་གླིང་སྒང་ལ་ནང་པའི་ལུང་པ་མང་པོ་ཡོད་པའི་ནང་ནས་ཧ་ལམ་ཚན་རིག་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་མཁན་བོད་པ་གཅིག་པུ་རེད། ཅེས་གསུངས་འདུག

ཡང་རྒྱ་ནག་གཞུང་གིས་བོད་མི་མང་པོ་དམར་གསོད་བཏང་ཡོད་ཀྱང་བོད་ཀྱི་རིག་གཞུང་རྐྱེན་གྱིས་བོད་མི་ཚོར་སེམས་ཤུགས་ཆགས་མེད་པའི་སྐོར་ལ་ཁོང་གིས། སྔོན་གྱི་ཆོས་རྒྱལ་ཚོས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་རྗེས་ནང་པའི་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་གལ་ཆེར་བརྩིས་གནང་འདུག དེར་བརྟེན་དེང་སྐབས་དཔལ་ནཱ་ལེནྡྲ་ཆོས་བརྒྱུད་ལ་མུ་མཐུད་སློབ་སྦྱོང་བྱེད་མཁན་བོད་པ་གཅིག་པུ་རེད། ཤེས་སོང་ངམ། འདི་ལ་བརྟེན་ནས་བོད་མི་རིགས་ཀྱི་སྤོབས་པ་བསླེབས་ཀྱི་འདུག རྒྱ་མིས་བཙན་གནོན་འོག་བོད་མི་ས་ཡ་གཅིག་ལྷག་ཙམ་བསད་ཡོད་ཀྱང་བོད་མིའི་སེམས་ཤུགས་ནམ་ཡང་མ་ཆག་པར་མུ་མཐུད་གནས་ཡོད། བོད་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་པོ་ཞིག་དང་རྒྱ་ཆེན་པོ་ཡོད་པར་བརྟེན་གུང་ཁྲན་རིང་ལུགས་ཀྱི་ཁ་ནས་འདྲ་ཆགས་པོ་ཇི་འདྲ་བཤད་ཀྱང་སེམས་གྱི་གཏིང་ནས་བོད་མིར་མཐོང་ཆུང་བྱ་རྒྱུ་ཙམ་རེད། ང་རང་ཚོར་ཡོད་པའི་སེམས་ཁམས་རིག་པ་དང་འབྲེལ་བ་རིག་གཞུང་གཏིང་ཟབ་ཡོད་པ་དེས་ང་ཚོའི་སེམས་ནང་སྤོབས་པ་སྐྱེ་གཞིར་གྱུར་ཡོད། བློ་བདེ་པོ་བྱོས། ཞེས་གསུངས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༡/༢༧

Leave a Reply