ནད་ཡམས་ཞི་བར་༧རྗེ་བཙུན་སྒྲོལ་མའི་མཚན་སྔགས་འདོན་དགོས་པའི་ལམ་སྟོན་མཛད།

རྒྱ་གར་བློན་ཆེན་ལས་ཁུངས་ནས་རྒྱ་ནག་ནས་ཡོང་བའི་འགྲུལ་བ་ ༣༣༥༥༢ ལ་བརྟག་དཔྱད་བྱས་པ་བརྒྱུད་དོགས་གནས་ཅན་གྱི་འགྲུལ་བ་ ༡༨༠ སྨན་ཁང་དུ་བཞག་སྟེ་མུ་མཐུད་བརྟག་དཔྱད་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཁ་སང་རྒྱ་ནག་སྐམ་ས་ཆེན་མོའི་དད་ལྡན་པ་མང་པོས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྲ་ལམ་བརྒྱུད། རྒྱ་ནག་ཝུ་ཧན་ནས་མགོ་བཙུགས་ཏེ་འཛམ་གླིང་ནང་ཁུ་རོ་ནཱ་གློ་བའི་འགོས་ནད་ཁྱབ་བརྡལ་དུ་འགྲོ་བཞིན་པ་དེ་ཞི་བར་ལམ་སྟོན་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར། ༧གོང་ས་མཆོག་ནས་རྒྱ་ནག་སྐམ་སའི་དགོན་པ་དང་མི་མང་ནས་༸རྗེ་བཙུན་སྒྲོལ་མའི་མཚན་སྔགས་གང་མང་གསུང་འདོན་བྱས་ན་ཕན་ཐོགས་ཡོད་པའི་ལམ་སྟོན་ཕེབས་ཡོད་པ་དང་སྦྲགས། དེ་སྔོན་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་དད་ལྡན་མི་མང་ལ་༧རྗེ་བཙུན་སྒྲོལ་མའི་མཚན་སྔགས་ལན་མང་གསུང་འདོན་མཛད་པའི་སྒྲ་ཐག་ཅིག་བཅས་བཞག་འདུག

དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྟེན་གཞི་བྱས་པའི་(Ram Manohar Lohia)སྨན་ཁང་གིས། ཉེ་སྔོན་རང་རྒྱ་ནག་ནས་ཡོང་བའི་མི་གསུམ་ལ་ཁུ་རོ་ནཱ་གློ་བའི་འགོས་ནད་ཡོད་པའི་དོགས་གཞིའི་འོག སྨན་ཁང་དེའི་ཟུར་བཅད་ཉལ་ཁང་དུ་བཞུག་སྟེ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། རྒྱ་གར་བློན་ཆེན་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། རྒྱ་ནག་ནང་ཁུ་རོ་ནཱ་གློ་བའི་འགོས་ནད་བྱུང་རྗེས། རྒྱ་ནག་ནས་རྒྱ་གར་ནང་ཡོང་བའི་གནམ་གྲུ་ ༡༥༥ ནང་གི་མི་གྲངས་ ༣༣༥༥༢ ལ་བརྟག་དཔྱད་བྱས་ཏེ། རྒྱ་གར་གྱི་མངའ་སྡེ་ཁེ་རཱ་ལཱ་(Kerala)དང་མཱ་ཧཱ་རཱ་ཤི་ཊ་ར་(Maharashtra)སོགས་ནས་འགོས་ནད་དེའི་དོགས་གཞིའི་འོག་ཁྱོན་མི་གྲངས་ ༡༨༠  ལྷག་སྨན་ཁང་དུ་བཞག་སྟེ་མུ་མཐུད་བརྟག་དཔྱད་བྱེད་བཞིན་ཡོད་འདུག

ཁ་སང་རྒྱ་གར་འཕྲོད་བསྟེན་ལྷན་ཁང་གིས་འགོས་ནད་སྐོར་ལ་ཡོངས་ཁྱབ་ཅིག་སྤེལ་བའི་ནང་། ད་ལྟའི་ཆར་རྒྱ་གར་ནང་ཁུ་རོ་ནཱ་གློ་བའི་འགོས་ནད་ཡོད་པའི་ནད་པ་གཅིག་ཀྱང་ཐོན་མེད་ནའང་། རྒྱ་གར་དང་རྒྱ་ནག་བར་ཚོང་འབྲེལ་གྱི་རྐྱེན་པས་མི་མང་ཕར་འགྲོ་ཚུར་འོང་བྱེད་མཁན་མང་པོ་ཡོད་སྟབས། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་བཀོད་ཁྱབ་འོག ད་ལྟའི་ཆར་རྒྱ་གར་གྱི་རྒྱལ་ཡོངས་གནམ་ཐང་ཚང་མར་བརྟག་དཔྱད་མནན་པོ་བྱེད་ཀྱི་ཡོད་པ་མ་ཟད། སྨན་ཁང་དང་རྟོག་ཞིབ་ཁང་བཅས་ནས་འགོས་ནད་སྔོན་འགོག་དང་མྱུར་སྐྱོབ་ཀྱི་གྲ་སྒྲིག་བརྟན་པོ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

རྒྱ་ནག་ནང་གི་གློ་བའི་འགོས་ནད་ཀྱི་ཁྱབ་ཚད་ཇེ་མགྱོགས་སུ་ཕྱིན་ཡོད་པ་ལྟར། དེ་རིང་གི་གྲངས་འབོར་ལྟར་ན་མི་གྲངས་ ༡༠༦ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི ༤༥༠༠ ལྷག་ལ་འགོས་ནད་ཕོག་ཡོད་པ་མ་ཟད། བྷི་བྷི་སི་གསར་ཁང་གིས་བརྗོད་ན། འཛམ་གླིང་རྒྱལ་ཁབ་ ༡༥ ནང་འགོས་ནད་ཕོག་པའི་ནད་པ་ ༤༩ དང་དོགས་གནས་ཅན་ ༢༧ ཡོད་པ་དང་། རྒྱལ་ཁབ་མང་པོ་ཞིག་གིས་སོ་སོའི་མི་སེར་རྒྱ་ནག་ནང་ཡོད་པ་རྣམས་ཕྱིར་རང་ཡུལ་དུ་ལེན་འདོད་བྱེད་ཀྱི་ཡོད་ཀྱང་། གློ་བའི་འགོས་ནད་ཁྱབ་རྒྱུར་ཞེད་སྣང་ཡང་ཡོང་ཡོད་འདུག་ལ། རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་སྤྱི་ཚོགས་སྟངས་འཛིན་གྱི་སྒྲིག་ལམ་དམ་པོ་བཟོས་ཏེ། མི་མང་རྣམས་འཕྲོད་བསྟེན་གྱི་ལམ་སྟོན་འོག་ཚུལ་བཞིན་ཕྱིན་པ་ན་དཀའ་ངལ་ལས་སེལ་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཀྱང་རྒྱ་ནག་གཞུང་ནས་དཀའ་ངལ་དེ་སེལ་ཐུབ་རྒྱུ་ཡིན་སྐོར་བརྗོད་དེ་སྐུལ་འདེད་བྱས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༢༨

Leave a Reply