བོད་དོན་ཁྲིམས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས།

ཨ་རིའི་གྲོས་ཚོགས་འོག་མའི་ནང་ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་བོད་ཐོག་འཛིན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཚད་མཐོ་བོ་གནང་འདུགཁ་སང་ཕྱི་ཚེས་ ༢༨ ཉིན་རྒྱབ་ཏུ་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་བོད་ཐོག་འཛིན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་ཐོབ་པར་བརྟེན། དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་མིའི་སྒྲིག་འཛུགས་དང་བོད་ནང་གི་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ལན་གྱི་བོད་དོན་ཁྲིམས་འཆར་དེར་ཚད་མཐོའི་རྒྱབ་སྐྱོར་ཐོབ་པ་དེས་ཨ་རིའི་གཞུང་གིས་བོད་དོན་ཐད་མུ་མཐུད་རྒྱབ་སྐྱོར་གནང་གི་ཡོད་པའི་བརྡ་ལན་སྤྲད་ཡོད་སྐོར་གསུངས་སོང་།

གསར་འགོད་གསལ་བསྒྲགས་སྟེང་སྲིད་སྐྱོང་མཆོག་གིས། ཨ་རིའི་གྲོས་ཚོགས་འོག་མས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབ་བྱས་པ་དེ་ལ་བོད་མིའི་སྒྲིག་འཛུགས་དང་། བོད་ནང་གི་བོད་མི་ཡོངས་ཀྱི་ཚབ་བྱས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དམིགས་བསལ་ཁྲིམས་འཆར་དེ་ལ་རྒྱབ་སྐྱོར་ཚད་མཐོན་པོ་རག་འདུག གྲོས་ཚོགས་འཐུས་མི་ཧ་ལམ་སུམ་བརྒྱ་དགུ་བཅུ་གོ་གྲངས་ཙམ་འདུག ཕྱོགས་གཅིག་ནས་གྲུབ་འབྲས་མར་ཐོན་ཡོང་དུས། ང་ཚོས་རྒྱབ་སྐྱོར་ཞེ་དྲགས་རག་འདུག དཔེ་ཡག་པོ་རེད་ཟེར་གྱི་ཡོད་རེད། ཡིན་ན་ཡང་། ཁྲིམས་འཆར་དེ་དང་པོ་འདོན་་ཡོང་དུས་སེམས་ཁྲལ་ཞེ་དྲགས་ཡོང་གི་ཡོད་པ་རེད། གང་ཡིན་ཟེར་ན། ཕྱི་ལོ་ ༢༠༠༢ ལོར་གཏན་འབེབ་བྱས་ཚར་བ་ཞིག་རེད། ཡང་བསྐྱར་དེའི་སྒང་ལ་ཁ་སྣོན་དང་ཤུགས་ཆེ་རུ་བཏང་ནས་འཁུར་ཡོང་དུས། གལ་ཏེ་ཁྲིམས་འཆར་མ་འགྲོ་ན་ཕྱི་ལོ་ ༢༠༠༢ ལོར་རྒྱབ་སྐྱོར་ཤུགས་ཆེན་པོ་ཞེ་དྲགས་ཡོད་རེད། ད་ཨ་རི་གཞུང་གི་རྒྱབ་སྐྱོར་མི་འདུག་ཟེར་བ་ཆགས་ཡོང་ན། གོ་ནོར་ཐེབས་པ་མ་ཟད་ང་ཚོའི་རྩ་དོན་ལ་གནོད་པའི་ཉེན་ཁ་ཡོད་པ་རེད། ད་ལན་ཚད་མཐོའི་རྒྱབ་སྐྱོར་རག་ཡོང་དུས། བོད་དོན་ལ་དེ་སྔ་ཨ་རི་གཞུང་གི་རྒྱབ་སྐྱོར་ཡོད་པ་མ་ཟད་ད་ལྟ་ཡིན་ན་ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཤུགས་ཆེན་པོ་བཏང་རེད། འདིས་རྒྱ་ནག་གིས་དུས་རྟག་ཏུ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་ཡི་ཡོད་མེད་ཐད་ཚོད་ལྟ་བྱེད་ཀྱི་ཡོད་པ་ལྟར། ད་ལན་བོད་དོན་ལ་རྒྱབ་སྐྱོར་གྱི་ཚད་ཧ་ལས་པའི་མཐོན་པོ་ཡིན་པ་ཤེས་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གཙོ་བོར་གྱུར་བའི་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ལགས་དང་། ཁི་རིས་སི་མི་ཐི་(Christ Smith)། གྲོས་ཚོགས་མི་སྐུ་ཞབས་ཊེད་ལིའོ་(Ted Lieu) རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ད་ལྟ་ཁྲིམས་འཆར་དེ་གྲོས་ཚོགས་གོང་མ་ལ་འགྲོ་དགོས་ཀྱི་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༩ པའི་ནང་སྲིད་སྐྱོང་ཝ་ཤིན་ཊོན་ལ་ཆེད་ཕེབས་ཀྱིས་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ལ་ཐུག་འཕྲད་གནང་ཡོད་པ་དང་། སྤྱིར་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་ནས་ཟླ་བ་འདིའི་ནང་ཁྲིམས་འཆར་གྱི་སྙན་ཐོ་དེ་འདོན་ཐུབ་ན་བསམ་པའི་རེ་བ་བྱས་ཡོད་ཀྱང་། དེང་སྐབས་ཨ་རིའི་སྲིད་འཛིན་འཕོ་འགྱུར་གྱི་བགྲོ་གླེང་དེ་འགྲོ་བཞིན་པར་བརྟེན་གནས་སྐབས་འགག་ཡོད་ཀྱང་། སྟབས་ལེགས་པ་ཞིག་ལ་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇིམ་རི་ཆི་ (James Risch) ལ་སྲིད་སྐྱོང་མཆོག་ནས་དངོས་སུ་ཐུག་འཕྲད་བྱུང་སྐབས། ཁོང་ནས་སྙན་ཐོ་དེ་གང་མགྱོགས་འདོན་རྒྱུའི་ཁས་ལེན་གནང་ཡོད་སྐོར་དང་། ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་འཐུས་མི་ཉི་ཤུ་ལྷག་ཡོད་སྟབས། ཁྲིམས་འཆར་དེ་གཏན་འབེབ་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་སྐོར་དང་། ལྷག་པར་དུ་གྲོས་ཚོགས་གོང་མའི་དམངས་གཙོ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་རྒན་གྲས་རྣམས་ཀྱིས་བོད་དོན་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་ཡོད་པར་བརྟེན། འཐུས་མི་གཞན་རྣམས་ཀྱི་རྒྱབ་སྐྱོར་འཐོབ་རྒྱུར་རེ་བ་ཆེན་པོ་ཡོད་སྐོར་གསུངས་སོང་། དེ་བཞིན་སྲིད་སྐྱོར་མཆོག་འདི་ལོའི་ཕྱི་ཟླ་ ༢ པ་ཡས་མས་སུ་ཨ་རིར་ཐེངས་གཉིས་ཙམ་ཆེད་ཕེབས་ཀྱིས་ཁྲིམས་འཆར་དེར་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུའི་འབོད་སྐུལ་་གནང་རྒྱུ་ཡིན་སྐོར་དང་། བྱང་ཨ་རིར་གནས་སྡོད་བོད་མི་རྣམས་ནས་ཀྱང་དེ་འབྲེལ་རང་རང་སོ་སོའི་འཐུས་མི་རྣམས་ལ་འབོད་སྐུལ་གནང་དགོས་སྐོར་གསུངས་སོང་།ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས། དེ་རིང་གྲོས་ཚོགས་ཀྱིས་ད་ལྟ་འབྱུང་བཞིན་པའི་ཉེན་ཁ་ལ་ལྟོས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་དེར་ཁ་གསབ་དང་སྔར་བས་ནུས་ཤུགས་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད། ང་ཚོའི་ངོས་ནས་༧གོང་ས་རྒྱལ་བ་སྐུ་ཕྲེང་ ༡༥ པ་གཙོས་པའི་བོད་མིའི་ཆོས་ལུགས་དབུ་འཁྲིད་འདེམས་རྒྱུའི་ཐོབ་ཐང་དེ་བོད་མི་ཁོ་ནར་ཡོད་པ་ཨ་རིའི་སྲིད་བྱུས་ཤིག་ཏུ་གཏན་འབེབ་བྱས་པ་བརྒྱུད། བོད་མི་རྣམས་ཀྱི་ཆོས་དད་རང་དབང་དང་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོས་པེ་ཅིན་གཞུང་གིས་བོད་མིའི་ཆོས་དད་དང་རིག་གཞུང་ལ་ཐེ་བྱུས་བྱས་ཚེ། དེའི་མཇུག་འབྲས་རང་གིས་འཁུར་དགོས་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད། ཅེས་དང་། ཁྲིམས་འཆར་འདིས་བོད་མིའི་མགོ་འཁྲིད་དང་པེ་ཅིན་གཞུང་བར་དོན་ཕན་ལྡན་པའི་གྲོས་མོལ་ཡོང་རྒྱུར་སྐུལ་མ་གཏོང་གི་ཡོད། རྒྱ་ནག་གཞུང་གིས་བོད་མིའི་མགོ་འཁྲིད་ལྷན་དུ་གྲོས་མོལ་ནང་ཞུགས་ཀྱི་མེད་པ་དེ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད། ཨ་རིའི་གྲོས་ཚོགས་ངོས་ནས་མུ་མཐུད་རྒྱ་ནག་གཞུང་གིས་འགན་འཁུར་ལེན་རྒྱུར་འབད་བརྩོན་གནང་དགོས། ཞེས་གསུངས་འདུག

འདས་ལོའི་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇིམ་མེག་གྷོ་ཝན་(James McGovern) ལགས་ཀྱིས་གྲོས་ཚོགས་འོག་མའི་ནང་བཏོན་པའི་བོད་དོན་ཁྲིམས་འཆར་འདིའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཙོས་པའི་བོད་མིའི་ཆོས་ལུགས་དབུ་འཁྲིད་རྣམ་པའི་ཡང་སྲིད་ཕེབས་ཕྱོགས་དེ། བོད་མི་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འབྲང་བའི་འདོད་མོས་དང་ད་ལྟའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ཇི་བཞིན་འགྲོ་དགོས་པ་ལས། རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་མི་ཆོག་ཅེས་པ་ཨ་རིའི་གཞུང་འབྲེལ་སྲིད་བྱུས་སུ་གཏན་འབེབ་གནང་རྒྱུ་དང་། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ལ་ཐེ་བྱུས་བྱེད་མཁན་གྱི་རྒྱ་ནག་མགོ་འཁྲིད་རྣམས་ལ་དཔལ་འབྱོར་ཉེས་ཆད་གཅོད་དགོས་རྒྱུ། གཞན་ཡང་ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་། ལྷ་སར་ཨ་རིའི་གཞུང་ཚབ་ཁང་ཞིག་གསར་འཛུགས་མ་བྱེད་བར་དུ་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་གསར་པ་ཞིག་འཛུགས་མི་ཆོག་པ། བོད་ཀྱི་ཁོར་ཡུག་སྤྱི་དང་། ཡང་སྒོས་སུ་བོད་ཀྱི་ཆུ་བོ་རྣམས་སྲུང་སྐྱོབ་དགོས་པ། གཞན་ཡང་ཕྱི་ལོ་ ༢༠༢༥ བར་བོད་གཞིས་བྱེས་གཉིས་སུ་རོགས་དངུལ་སྦྱིན་རྒྱུ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་མི་རྣམས་ཀྱིས་དམངས་གཙོའི་གཞུང་བཙུགས་པར་བསྔགས་བརྗོད་དགོས་སྐོར་སོགས་འཁོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༡/༢༩

Leave a Reply