ཕ་ཡུལ་གྱི་འགྱུར་ལྡོག་གླེང་བ། གསུམ་པ།

བོད་ཤར་ཕྱོགས་ཀྱི་རྩྭ་ཐང་ཆེན་མོའི་འབྲོག་རྫོང་མཛོད་དགེ་དང་ཁྱུང་མཆུ་རྫོང་ཁོངས་ཀྱི་འབྲོག་པ་རྒན་རབས་པ་ཁག་ཅིག་ལ་འབྲོག་པའི་རྩྭ་ཐང་གི་འགྱུར་ལྡོག་གླེང་བའི་སྐད་ཆ་ཡིག་ཕབ་ཞུས་ཡོད།

ཐང་སྐོར་རུ་ཆེན་དྲུག་པའི་ཕྱུག་སྐོར་འོ་ཁོ་དང་ཐང་སྐོར་ཕྱུག་ར་སྡེ་བའི་སྡེ་དཔོན་སྟོབས་ལྡན། བྱམས་མེ་བུམ་སྐོར་སྡེ་བའི་འབྲོག་པ་ཨ་ལ་ཕུར་ཁོ། 

ཡ་གླིང་གི་ས་ནས་བརླན་ས་ཆེས་ཆེ་བ་དེ་མཛོད་དགེ་ས་ན་ཡོད་པ་དང་། མཛོད་དགེའི་ལོ་རྒྱུས་ལ་བལྟས་ཚེ། དེང་སང་མཚོ་མེ་ཏོག་ཅན་ནམ་སྔོན་ཆད་མཛོད་དགེ་ན་དམར་གཞུང་ཟེར་ན་བརླན་ས་ཆེས་ཆེན་པོ་ཞིག་ལ་སྔོན་མ་ནས་རྩི་བ་རེད། མཛོད་དགེ་དང་པོ་ཆགས་དུས་དེ་དགའ་ཡེ་ཤེས་དར་རྒྱས་ཀྱི་སྐབས་ནས་ན་དམར་གཞུང་དང་གཟའ་རིའི་མཚོ་ཁྲ་ཁྲབ་སོགས་ལོ་རྒྱུས་ཆེས་ཆེན་པོ་ཞིག་ཏུ་རྩི་བ་རེད། དེ་ནས་མཛོད་དགེ་ཕྱོགས་ནས་ན་གཞོང་ཆེ་ཤོས་ཤིག་ཁ་དཀར་ན་གཞོང་ཡིན་པ་རེད། ཁ་དཀར་ན་གཞོང་དེ་ཕྱོགས་གཅིག་ནས་མཛོད་དགེ་སྟོད་མའི་མཐའ་བར་ཐུག་བསྡད་ཡོད་པ་དང་ཕྱོགས་གཅིག་མཛོད་དགེ་གླིང་དཀར་སྡེ་བར་ཐུག་ཡོད་པ་རེད། ཕྱོགས་གཞན་ཞིག་མཛོད་དགེ་ཐང་སྐོར་གཙང་བ་སྡེ་བ་དང་དེ་ནས་རྐ་བར་མ་སོག་ཚང་སོགས་ལ་ཐུག་བསྡད་ཡོད་པ་དང་། དེ་ནས་ན་གཞོང་དེ་ཁྱུང་མཆུ་རྫོང་རྨེ་བའི་སྦྲ་ཆེན་ཡུལ་ཚོར་ཐུག་ཡོད་པ་རེད། ན་གཞོང་དེ་ཧ་ཅང་ཆེན་པོ་ཡོད་པ་དང་ལོ་ལོན་ཚོས་བཤད་ན། ཁ་དཀར་འབྲུག་མཚོའི་ནང་དུ་འབྲུག་གིས་ཆུ་འཐུང་ནས་ཆུ་ནམ་མཁར་དྲངས་འགྲོ་བཞིན་ཡོད་པ་མཐོང་བའི་ལོ་རྒྱུས་ཡོད་པ་རེད།  མཚོའི་ནང་དུ་མཚོ་གླང་ཡོད་པ་མ་ཟད་མཚོ་གླང་གྲགས་རྒྱུ་ཡོད་པ་སོགས་བཤད་རྒྱུ་ཡོད་པ་དང་། མཛོད་དགེ་ཕྱོགས་ནས་ན་གཞོང་ཆེ་ཤོས་དེ་ཡིན་པ་རེད།

དེ་ནས་ན་གཞོང་ཆེ་ཤོས་སྣ་ལོའི་ན་གཞོང་ཡིན་པ་དང་། ན་གཞོང་དེ་ཕྱོགས་གཅིག་ནས་མཛོད་དགེ་བྱམས་མེའི་ཕྱུག་ར་ལ་ཐུག་ཡོད་པ་དང་ཕྱོགས་གཅིག་ནས་མཛོད་དགེ་ཐང་སྐོར་མདོ་དཔལ་སྡེ་བར་ཐུག་བསྡད་འདུག ན་གཞོང་དེ་ཧ་ལས་པ་ཆེན་པོ་ཞིག་ཡིན་ཡང་སྔོན་མ་དང་བསྡུར་ན་དེང་སང་དེ་འདྲ་ཆེན་པོ་མི་འདུག ས་དབྱིབས་བཤད་ན། སྣ་ལོའི་ན་གཞོང་གི་བྱང་ངོས་ནས་སྣ་ལོ་རི་བརྒྱུད་ལ་ཐུག་ཡོད་པ་དང་། ནུབ་ངོས་ནས་འབོ་རའི་ལུང་ཡག་དང་འབོ་རའི་བྲག་མདོང་སོགས་ལ་ཐུག་ཡོད་པ་རེད། ལྷོ་ངོས་ནས་ཡོ་ལའི་གླང་སྒ་གོང་འོག་དང་བྲག་ཐོ་ཁྲ་རིལ་གྱི་ཆུ་མགོ་ཟེར་ན་མཚོ་དཀར་ལྡང་གི་མིག་ཡིན་ཟེར་བའི་ཆུ་མགོ་ཡག་པོ་ཞིག་ཡོད་པ་དེར་ཐུག་ཡོད་པ་རེད། དེ་ནས་ལུང་རིང་གི་སྲིབ་ནས་ཁའི་ཉག་བྱིས་རྡོ་ཅན་ཟེར་བར་ཐུག་ནས་སྔོ་རིག་མནྜལ་གོང་འོག་དང་། སྔོ་རིག་རོང་ཉག སྔོ་རིག་སྟོང་དར་ཅན་ཞེས་དེང་སང་བྱམས་མེའི་ཕྱུག་རའི་ས་ཆར་ཐུག་བསྡད་ཡོད་པ་རེད། ཁ་དཀར་ན་གཞོང་གི་རྗེས་ནས་མཛོད་དགེ་ཕྱོགས་ན་བརླན་ས་ཆེ་ཤོས་སྣ་ལོ་འདི་ལས་ཆེ་བ་ཡོད་པ་མ་རེད། དཔེར་ན། མཛོད་དགེ་གཟའ་རིའི་མཚོ་ཁྲ་ཁྲབ་ལྟ་བུར་མཚོན་ན། ན་ཆེན་པོ་ཞིག་མ་གཏོགས་ཁ་དཀར་ན་གཞོང་ལྟ་བུའི་རྒྱ་ཁྱོན་ཆེན་པོ་མི་འདུག ཆུ་མགོ་བཤད་ན། མཛོད་དགེ་ཐང་སྐོར་སོག་ཚང་དགོན་པའི་ཕར་ཕྱོགས་ཀྱི་གཞུང་ནས་རྫ་ཉིན་ཆེན་པོ་ཞིག་ཡོད་པ་རེད། དེ་ན་མཚོ་རྒན་ཟེར་བའི་མཚོ་ཆེན་པོ་ཞིག་ཡོད་ཀྱང་། ལོ་ཤས་སྔོན་སྐམ་ནས་ཆུ་ཐིགས་པ་གཅིག་ཀྱང་མེད་པ་ཆགས་འདུག

སྔོན་ཆད་ཡིན་ན་མཚོ་དེ་ཧ་ལས་པ་ཆེན་པོ་ཞིག་ཡིན་པ་རེད་། དེ་རིང་ཁ་སང་དེ་ལ་ཆུ་ཏོག་ཙམ་འཁྱིལ་འདུག སྔོན་ཆད་མཚོ་དེའི་ནང་ཆུ་མགོ་མང་པོ་ཞིག་བཞུར་གྱི་ཡོད་པ་རེད། དཔེར་ན། ཕོ་རོག་ལུང་བའི་འཚེར་ཆེ་བའི་སྟེང་ན་ཆུ་མགོ་གཅིག་དང་ཁེ་མདོ་ན་ཆུ་མགོ་གཅིག་ཡོད་པ་རེད། སྔོན་མ་མདོ་ཚྭ་སྡེ་བའི་འཚེར་ན་ཆུ་མགོ་གཅིག་ཡོད་ན་ཡང་། ཁའི་མདོའི་ཆུ་ཅུང་ཙམ་འདུག་མ་གཏོགས་ཆུ་མགོ་གཉིས་གསུམ་ཡོད་པ་ཚང་མ་སྐམ་ནས་མེད་པ་ཆགས་འདུག གཞན་འདི་ཕྱོགས་ནས་ཆུ་མགོ་ཡག་ཤོས་ཟེར་བ་ཞིག་ལ་འབོ་རའི་ལུང་ཡག་ནས་རྫ་ཁྲ་ར་ཟེར་བའི་མདོ་ན་ཆུ་མགོ་ཞིག་ཡོད་པ་རེད། སྔོན་ཆད་ཁྲོ་ཁོའི་རྟ་སྨན་ཟེར་བའི་སྨན་པ་གྲགས་ཅན་ཞིག་ཡོད་པ་དེ་དང་། ཨ་ཁུ་མཱ་རྒན་ཟེར་བའི་ཆུ་མགོ་བ་ཞིག་ཡོད་པ་ཁོང་ཚོོ་གང་སར་ཉུལ་བྱས་ཆུ་རྒྱ་མར་ཚད་པ་སོགས་བྱེད་སྲོལ་ཡོད་པ་དང་། རྫ་ཁྲ་རིའི་ཆུ་མགོ་ཡི་ཆུ་ལྕི་ཤོས་ཡིན་པ་དང་ཐང་སྐོར་ཕྱོགས་ན་ཆུ་མགོ་དེའི་་ཆུ་ལས་ཡག་ཅིག་མེད་སྐོར་བཤད་ཡོད་པ་རེད།  ང་ཚོ་གཙང་བ་སྡེ་བའི་ར་ལུང་ནང་དུ་སྔོན་ཆད་ཆུ་མགོ་བཞི་ལྔ་ཞིག་ཡོད་ཀྱང་། ད་ལྟ་ཆུ་མགོ་ཆེ་བ་གཅིག་ལ་ཆུ་འདུག་མ་གཏོགས་གཞན་ཚང་མར་ཆུ་མི་འདུག སྔོན་ཆད་ཀྱི་ཆུ་འདྲ་བོ་ཞིག་ཁྱོན་ནས་ཡོད་ཐུབ་ཀྱི་མི་འདུག རྒྱུ་རྐྱེན་ཅི་ཞིག་ཡིན་མི་ཤེས་མ་གཏོགས་མཛོད་དགེ་གཟའ་རུའི་མཚོ་ཁྲ་ཁྲབ་ལྟ་བུར་མཚོན་ན་མཚོ་ཧ་ལས་པ་ཆེན་པོ་ཡིན་ན་ཡང་དེང་སང་ཆུ་ཉུང་དུ་འགྲོ་ཡི་འདུག དེ་བཞིན་སྔོན་ཆད་རྒྱུད་ལུང་གི་སྣེ་ཁ་ན་མཚོ་ནག་ཅེས་མཚོ་ཆེན་པོ་ཞིག་ཡོད་ན་ཡང་དེང་སང་སྐམ་ནས་མེད་པ་ཆགས་ཚར་བ་རེད། སྔོན་མ་ཕར་ཕྱོགས་དེ་ན་ཡང་མཚོ་བྱ་མང་པོ་ཡོད་སའི་མཚོོོ་ཆེན་པོ་ཞིག་ཡོད་རེད་དེ། དེ་རིང་ཁ་སང་ཐིགས་པ་གཅིག་ཀྱང་མེད་པར་སྤང་དུ་གྱུར་འདུག རྒྱུ་རྐྱེན་ཅི་ཡིན་མི་ཤེས་མ་གཏོགས་ཆུ་དེ་ཇེ་ཉུང་ནས་ཇེ་ཉུང་རེད་འདུག

ད་ལྟ་ང་ཡོད་ས་དེ་ཐང་སྐོར་ཕྱུགས་ར་སྡེ་བའི་བཀྲ་ཤིས་སེམས་སྐྱིད་ཐང་ཡིན་པ་དང་། ང་ལོ་བརྒྱད་ཙམ་སྟེ་ཕྱི་ལོ་ ༡༩༦༤ དང་ ༡༩༦༥ ཙམ་ལ་ངའི་ཨ་ཕ་ས་འདིར་ལུག་རྫི་རེད་འདུག སྐབས་དེ་དུས་ང་ཚོའི་ས་ཆ་འདིར་མཚོན་ན་གནམ་གཤིས་གྲང་ས་ཆུ་ཡོད་ས། རྩྭ་ཡོད་ས་ཧ་ལས་པ་ཞིག་ཡིན་པ་དང་། ཆུ་མགོ་དེ་དག་ན་འཁྱག་དར་ཧ་ཅང་ཆེན་པོ་ཡོད་པ་དང་ཆུང་དུས་རྐུབ་ལ་ཤིང་ཐོ་རེ་བཞག་ནས་དར་ཤུད་བརྒྱབས་པ་ཡིན་ན་ས་ལས་གནམ་རྒྱག་བྱས་ཏེ་གང་ཞིག་ལ་ལྷུང་གི་ཡོད་པ་མི་ཤེས་པ་དེ་འདྲ་འཁྱག་དར་ཆེན་པོ་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༡༩༧༩ ནང་ལྟ་བུར་མཚོན་ན་ས་ཆ་འདི་ནས་སྟོན་ཁ་རུ་དགུན་སར་འབབ་སྐབས་འཁྱག་གིས་ཕུར་བ་ས་འོག་ནས་ལེན་མི་ཐུབ་པ་དང་། ལྕི་བ་འཁྱག་པ་ཆགས་པ་འདྲ་བོ། འབྲོག་པ་ཚོས་དགུན་སར་ར་རྒྱག་པ་དང་ཟུག་ཕུར་འཕེན་པ་སོགས་མང་པོ་ཡོད་དུས་ས་བརྐོ་མི་ཐུབ་པ་དེ་འདྲ་རེད། དེང་སང་དགུན་ཁ་ཟླ་བ་ ༡༢ པའི་ནང་དུའང་ས་འཁེང་ཐུབ་ཀྱི་མི་འདུག དེ་བཞིན་འབྲོག་པ་ཚོར་དགུན་ཁ་ཤ་ཁང་རེ་ཡོད་པ་དང་ཤ་ཁང་ནང་ཤ་འཁེང་མི་ཐུབ་ཀྱི་འདུག

སྔོན་ཆད་ཡིན་ན་དཔྱིད་ཀ་ཟླ་བ་ ༤ དང་༥  ནང་མ་གཏོགས་ཤ་དྲོས་མི་ཐུབ་པར་འཁེང་ནས་འདུག་ཐུབ་པ་རེད། དེ་རིང་ཁ་སང་ནམ་ཟླ་ཇེ་དྲོ་དང་ཆར་ཆུ་སོགས་ཇེ་ཉུང་དུ་སོང་ཡོད་པ་དང་། རྩྭ་སོགས་སྐྱེས་མི་ཐུབ་པ་དང་སྐྱེས་པ་དེའང་བཅུད་ཆེན་པོ་མེད་པ་རེད། གཞན་ཡང་། ང་ཚོའི་འདི་ན་ཨ་སྐྱིད་ན་གཞོང་ཞེས་བརླན་ས་ཆེན་པོ་ཞིག་ཡོད་པ་རེད་ལ། ན་གཞོང་དེར་རྫ་ཆུ་མང་པོ་ཞིག་འདུས་ཡོད་དུས། དེང་སང་ཡིན་ནའང་ན་གཞོང་དེར་སྐྱོན་དེ་ཙམ་ཕོག་མེད་པར་ཡག་པོ་བྱས་ནས་ཡོད་པ་རེད། ན་གཞོང་དེར་རྟ་ཞོན་ནས་སོང་ན་འགུལ་སྐྱོད་བྱས་ཏེ་བརྡིབ་འགྲོ་ས་རེད་བསམ་པ་དེ་འདྲ་རེད། ན་གཞོང་དེ་སྔོན་ཆད་དེ་འདྲ་རེད་ལ་ད་ལྟའང་དེ་འདྲ་མིན་རྒྱུ་མི་འདུག ན་གཞོང་དེར་ནག་རོའི་ཆུ་དང་ལུང་དཀར་ལུང་ནག་གི་ཆུ། སེར་འབུར་དང་ཁྲ་ལག་སོགས་ཀྱི་ཆུ་མགོ་ཆེ་ཙམ་ཁ་ཤས་ཤིག་བཞུར་བཞིན་ཡོད་སྟབས་སྔོན་ཆད་ལྟ་བུ་མིན་ན་ཡང་ད་དུང་ཡག་པོ་བྱས་ནས་བསྡད་འདུག དེ་ནས་སྔོན་ཆད་ང་ཚོར་མེད་པ་ཞིག་ལ་དེང་སང་ཨ་བྲ་དེ་ཧ་ཅང་མང་པོ་ཡོད་པ་དང་ཨ་བྲ་དེ་གང་ནས་ཡོང་བ་རེད་ཟེར་ན། ང་རང་ཆུང་དུས་མཛོད་དགེ་ཀིརྟི་ན་ཨ་བྲ་ཡོད་པ་དང་ཡུལ་དེའི་ས་ཆ་ས་ནག་ཡིན་པ་རེད་ཅེས་བཤད་སྲོལ་ཡོད་པ་རེད། དེའི་རྗེས་ཨ་བྲ་དེ་མཛོད་དགེ་བྱམས་མེ་ན་ཡོད་པ་དང་ད་ལྟའི་ཆར་ང་ཚོའི་ས་ན་ཨ་བྲ་མང་པོ་འདུག ཨ་བྲ་དེ་རྩྭ་ཐང་ལ་གནོད་པ་འདྲ་མི་འདྲ་ཧ་ཅང་མང་པོ་འདུག

སྤྱིར་ན་བྱམས་མེའི་ས་ཆ་འདི་ན་མཚོ་ཆེན་པོ་འཁྱིལ་ནས་ཡོད་པ་གསུམ་དང་། མཚོ་དེ་དག་ལས་བན་ཡུལ་སྔོ་མཚོ་ཕྱུག་མོ་དང་མཚོ་དཀར་ལྡིང་། ཡོབ་ཆེན་མཚོ་མགོ་བཅས་མཚོ་གསུམ་དེ་ནམ་རྒྱུན་འཁྱིལ་ནས་ཡོད་པ་ཞིག་ཡིན་པ་རེད། མཚོ་ཁ་ལེབ་ཅན་ཞིག་གི་མཚོ་གསུམ་ཡོད་པ་དང་། བྲག་རིའི་ཤྭ་ཆེན་ན་གཞོང་དང་སྨྱུག་མ་ཅན་གྱི་ན་གཞོང་ཞེས་བྲག་རིའི་ཕྱི་ལོག་ན་མཚོ་ཞིག་ཡོད་པ་རེད། དེ་ནས་ངང་ལྡིང་ན་གཞོང་བཅས་མཚོ་ཁ་ལེབ་ཅན་གསུམ་དེ་ཡིན་པ་རེད། གཞན་བྱམས་མེའི་ཤིས་མཚོ་ཟེར་བའི་མཚོ་འཁྱིལ་འདུག་པ་ཞིག་ཡོད་པས་ས་ཆ་འདི་ན་མཚོ་འཁྱིལ་ནས་ཡོད་པ་དེ་དག་ཡོད་པ་རེད། སྤྱིར་ན་བྱམས་མེའི་ཡུལ་འདིར་ལྷ་སྲུང་མ་ཞེས་བསྟོད་རྒྱུ་དེ་སྔོན་ཆད་ཡིན་ན་བྲག་རིའི་མགོ་ན་ལབ་རྩེ་ཞིག་ཡོད་པ་དང་། ལབ་རྩེ་དེ་རྗེས་སུ་བྱ་རྒོད་ཀྱིས་རྒོད་ཚང་མགོ་ལ་འཁུར་སོང་ཡོད་པ་དང་། རྒྱུ་མཚན་དེ་ཡིས་ཨ་མྱེ་རྒོད་ཚང་སྟག་དྲུག་ཟེར་དགོས་དོན་དེ་ཡིས་རེད། ད་ལྟའི་ཆར་ཡུལ་ཕྱོགས་ཀྱི་སྲུང་མ་ཆེན་པོ་དེ་རྒོད་ཚང་རི་མགོ་ན་ཡོད་པ་རེད། གཞི་བདག་གཙོ་བོ་དེ་ཡིན་པ་དང་དེའི་མཚོ་དེར། བན་ཡུལ་ནོར་མཚོ་ཕྱུག་མོ།།ཀླུ་མོ་སྟོང་གི་བདག་པོ།། ཡབ་ཀྱི་ལྷ་སྒོང་དཀར་པོ།། ཡུམ་གྱི་ནོར་མཚོ་ཕྱུག་མོ།། ཞེས་འབོད་སྲོལ་ཡོད་པ་དང་། དེ་བཞིན་ས་ཆ་འདིའི་རི་མཐོན་པོ་བྱམས་མེའི་བྱེ་མདོང་ལ་མགར་ཆེན་ཀུན་དགའ་ར་བ་ཞེས་འབོད་པ་དང་། དེ་རྒོད་ཚང་གི་མགར་བ་ཡིན་ཞེས་བཤད་སྲོལ་ཡོད་པ་རེད།

སྔོན་ཆད་ས་ཆ་དེ་དག་ཡག་པོ་ཡོད་པ་དང་ས་ཆ་དེ་དག་ན་ཤྭ་བ་དང་རྐྱང་སོགས་ཡོད་པ་དང་། ང་རང་གིས་ཤེས་དུས་རྐྱང་མཐོང་སོང་མ་གཏོགས་ཤྭ་བ་མཐོང་མ་སོང་། སྔོན་དེར་ཤྭ་བ་ཡོད་པས་བྲག་རིའི་ཤྭ་ཆེན་གཞོང་ཞེས་གཏགས་པ་རེད། སྨྱུག་མ་ཅན་གྱི་མཚོ་ཟེར་དོན་ཆུ་དེའི་ནང་དུ་སྨྱུག་མ་ལྟ་བུ་ལྡུམ་བུ་ཞིག་སྐྱེས་ཡོད་པས་ཡིན་པ་རེད། དེ་ནས་ངང་ལྡིང་ན་གཞོང་ཟེར་དོན་དེའི་ཁ་ན་བྱ་ངང་བ་མང་པོ་ཡོད་པས་ངང་ལྡིང་ན་གཞོང་ཞེས་བཏགས་པ་རེད། བྱམས་མེའི་ཤིས་མཚོ་ལ་མཚོན་ན་སྔོན་ཆད་བྱམས་མེ་ཤིས་ཚང་དུ་རི་ཡོང་སྐབས་ཤིས་མཚོར་ལྟེ་བ་གཉིས་ཡོད་པ་ལས། ཁྱིམ་ཚང་ཚོ་མཚོའི་ལྟེ་བ་གཉིས་ཀྱི་བར་དུ་བསྡད་ནས་ཤིས་ཚང་ལ་ཚོ་བ་དྲུག་ཡོད་པ་དང་། ཚོ་བ་གསུམ་དེ་མདུན་ན་ཡོད་ཚོ་བ་གསུམ་དེ་སྨད་ན་ཡོད་ཅེས་མཚོ་དེ་བྱམས་མེ་ཤིས་ཚང་ན་ཡོད་པ་རེད། ཤིས་ཚང་ལ་མགོ་ནས་མར་འབབ་ས་དེ་ན་ཡོད་ཟེར་བ་རེད། བྱམས་མེའི་ཤིས་མཚོ་སྐམ་དགོས་དོན་དེ་རེད་ཅེས་སྔོན་ཆད་རྒད་པོ་ཚོར་བཤད་སྲོལ་ཡོད་པ་རེད། བྱམས་མེའི་ཤིས་མཚོ་སྐམ་དགོས་དོན་དེ་རེད་ཅེས་སྔོན་ཆད་རྒད་པོ་ཚོར་བཤད་སྲོལ་ཡོད་པ་རེད། དེང་སང་ཡུལ་ཁམས་འདི་བྱེ་མར་འགྱུར་བ་དང་ཨ་བྲ་ཡིས་གང་ནས་འགྲོ་བཞིན་ཡོད་པ་རེད། བྱམས་མེའི་དམར་ཐང་སོགས་ན་ཨ་བྲ་ཡིས་རྩྭ་ཐང་མེད་པ་བཟོས་བཞག་ཡོད་པ་དང་། སོང་ན་ས་བརྡིབ་འགྲོ་བ་ཞིག་ཏུ་བཟོས་བཞག་ཡོད་པ་དང་། འདི་ཕྱོགས་ཀྱི་ས་ཆ་གཞན་དུའང་ཨ་བྲ་ཡིས་གནོད་པ་ཆེན་པོ་བྱེད་བཞིན་འདུག  སྔར་ལོ་ཞིག་ནས་ཆར་རེ་བབས་ནས་རྩྭ་ཆུ་རེ་ཡོད་པ་རེད་མ་གཏོགས་ཆར་ཆུ་མི་གཏོང་བ་སོགས་ནམ་གཤིས་ལ་འགྱུར་ལྡོག་དེ་འདྲ་འདུག

འདི་ཕྱོགས་ཀྱི་ཆུ་མགོ་ཤིང་ཐུར་ཅན་ལ་མཚོན་ན་སྔོན་ཆད་ཆུ་ཡོད་ན་ཡང་དེང་སང་ཆུ་དེ་ཙམ་ཡོད་པ་མ་རེད། གནའ་སྔ་མོ་ཆུ་མགོ་དེའི་ནང་དུ་ཤིང་ཀ་ལེབ་ཀྱི་སྣེ་ཁ་དེ་འདྲ་ས་འོག་ནས་འབུད་ཀྱི་ཡོད་ན་ཡང་ཆུ་མགོ་དེ་སྐམ་སོང་བ་རེད། དེ་ནས་ཆུ་མགོ་ཁེར་བུ་མ་ཟེར་བ་ཞིག་ཡོད་པ་དེའང་ན་ནིང་ཆུ་ཅུང་ཙམ་ཡོད་པ་མ་གཏོགས་སྐམ་སོང་ནས་ཆུ་ཡོད་པ་མ་རེད། དེ་ནས་ཧུང་ལུང་གི་ཆུ་མགོ་དེ་ཅུང་ཙམ་ཉམས་ཡོད་པ་རེད། ཧུང་ལུང་གི་སྒོ་ཁ་ན་ཆུ་ལག་ཅིག་བཞུར་བཞིན་ཡོད་པ་དང་སྔོན་ཆད་ཆུ་དེའི་ནང་ཐང་རག་གི་སྡོང་ཐོག་སོགས་བྱེ་མའི་ནང་ན་བུད་བསྡད་པ་དེ་འདྲ་ཡོད་པས། སྔོན་མ་སྡོང་པོ་དེ་འདྲ་སྐྱེས་པ་ཡིན་མི་ཤེས།

མཆན། རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་བཟོ་བསྐྲུན་བྱས་པའི་ཕ་ས་ཕ་ཡུལ་གྱི་འགྱུར་ལྡོག་གླེང་བའི་གཏམ་ཞེས་པའི་བརྙན་ལམ་བཅར་འདྲི་འདིའི་ནང་། བོད་ཤར་ཕྱོགས་ཀྱི་རྩྭ་ཐང་ཆེན་མོའི་འབྲོག་རྫོང་མཛོད་དགེ་དང་ཁྱུང་མཆུ་རྫོང་ཁོངས་ཀྱི་འབྲོག་པ་རྒན་རབས་པ་ཁག་ཅིག་ལ། འབྲོག་པའི་རྩྭ་ཐང་གི་འགྱུར་ལྡོག་གླེང་བའི་སྟོད་སྨད་བར་གསུམ་ཅན་གྱི་ཚན་པའི་ནང་ནས་སྟོད་ཆ་སྟེ། ཁྱུང་མཆུ་རྫོང་ཨ་མཆོག་ཧུ་ར་མའི་སྐོར་ཡིག་ཕབ་ཞུས་ཡོད་པ་ཚང་མ་བཏང་ཡོད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༡/༢༩

Leave a Reply