ཨ་རིས་བོད་དོན་རྒྱབ་སྐྱོར་གནང་བར་རྒྱ་གཞུང་གིས་སྐྱོན་བརྗོད་བྱས།

ཡང་རྒྱ་ནག་གཞུང་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་ཡོད་ཚུལ་བརྗོད་དེ་ཨ་རིའི་གྲོས་ཚོགས་འོག་མ་ནས་བོད་དོན་ཐོག་རྒྱབ་སྐྱོར་ཚད་མཐོ་གནང་བར་སྐྱོན་བརྗོད་བྱས་འདུགརྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་གཞུང་གི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབ་བྱུང་བའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་དེ་ནི་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འབྲེལ་ལམ་ལ་རྡོག་རོལ་བཏང་བ་ཞིག་དང་། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་ཚབས་ཆེན་བྱས་ཏེ་བོད་རང་བཙན་གྱི་ཁ་བྲལ་སྟོབས་ཤུགས་ལ་བརྡ་ལན་ནོར་བ་ཞིག་བཏང་ཡོད་སྐོར་གྱི་སྐྱོན་བརྗོད་བྱས་འདུག

རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ཧྭ་ཁྲིན་ཡེན་(Hua Chunying) ཟེར་བ་དེས། རྒྱ་ནག་གཞུང་ནས་ཁྲིམས་འཆར་དེར་བློ་ཕམ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཅེས་དང་། ཉེ་བའི་ལོ་ཤས་རིང་རྒྱལ་སྤྱིའི་སྟེང་བོད་ནང་གི་གནས་སྟངས་ངོ་མ་ཤེས་མཁན་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་ནག་གི་བོད་འབྲེལ་སྲིད་བྱུས་ལའང་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། བོད་འབྲེལ་གནད་དོན་དེ་དག་ནི་མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་ཞིག་མིན་ལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡང་མིན་པར། རྒྱ་ནག་གི་བདག་དབང་དང་ས་ཁོངས་གཅིག་འགྱུར་གྱི་གནད་དོན་གལ་ཆེན་ཞིག་རེད། ཅེས་བརྗོད་འདུག་པ་མ་ཟད། ཨ་རིས་བོད་ནང་གི་དཔལ་འབྱོར་དང་། སྤྱི་ཚོགས་ཡར་ཐོན་གྱི་དངོས་པོའི་གནས་ལུགས་ལ་བལྟ་དགོས་པ་དང་། བོད་འབྲེལ་གནད་དོན་དེ་དག་ཚོར་ཤུགས་སྐྱེན་པོ་ཡིན་པ་ངོས་འཛིན་ཐོག འཕྲལ་དུ་རང་གི་ནོར་འཁྲུལ་དག་ཡོ་བསྲང་དང་། བོད་འབྲེལ་གནད་དོན་ཁ་ལ་ཁྱེར་ཏེ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་མི་བྱ་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་ལ། ཨ་རིའི་ངོས་ནས་ཕྱོགས་གཉིས་ཀྱི་ཡིད་ཆེད་དང་མཉམ་ལས་ལ་གཏོར་སྐྱོན་གཏོང་རྒྱུའི་ཚབ་ཏུ་ཡར་རྒྱས་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

མདང་དགོང་ཆུ་ཚོད་བཅུ་པ་ཡོལ་ལ་བཏང་བའི་ཤིན་ཧྭ་དྲ་བའི་གནས་ཚུལ་དེའི་ནང་། འདས་པའི་ལོ་ངོ་ ༦༠ ཡན་གྱི་རིང་བོད་རང་སྐྱོང་ལྗོངས་ནང་དཔལ་འབྱོར་དང་། རིག་གཞུང་། ཁོར་ཡུག་བཅས་ཀྱི་ཐད་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཡར་རྒྱས་ཆེན་པོ་བཏང་ཡོད་པ་མ་ཟད། ཁུལ་དེའི་མི་རིགས་ཚང་མས་སྙིང་ཐག་པ་ནས་དབུས་སའི་སྲིད་གཞུང་གི་སྲིད་བྱུས་དག་ལ་རྒྱབ་སྐྱོར་དང་། རྒྱལ་ཁབ་ཀྱི་མི་རིགས་གཞན་ཚང་མའི་མཉམ་དུ་ཕུན་སུམ་ཚོགས་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཕྱོགས་ལ་གཞོལ་གྱི་ཡོད་ཚུལ་བཀོད་འདུགཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་དམངས་གཙོ་ཚོགས་པའི་འཐུས་མི་ ༢༢༩ དང་། སྤྱི་མཐུན་ཚོགས་པའི་འཐུས་མི་ ༡༦༣ བཅས་ཁྱོན་འཐུས་མི་ ༣༩༢ ཡིས། ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་གནང་སྟེ་གཏན་འབེབ་བྱུང་ཡོད་པ་དང་། རིང་པོ་མ་འགོར་བར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཡང་བོད་དོན་ཁྲིམས་འཆར་དེར་རྒྱབ་སྐྱོར་ཆེན་པོ་འཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག ཁ་སང་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ཐེངས་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་ཁྲིམས་འཆར་དེར་ཚད་མཐོའི་རྒྱབ་སྐྱོར་གནང་པ་དེས་རྒྱ་ནག་ལ་བརྡ་ལན་གསལ་པོ་སྤྲོད་ཡོད་སྐོར་གསུངས་བ་བཞིན། གྲོས་ཚོགས་ར་བའི་ནང་ཁྲིམས་འཆར་དེར་འོས་ཤོག་མ་འཕེན་གོང་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གི་དབུས་ས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ལགས་སོགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་རང་གི་ཆོས་ལུགས་དབུ་འཁྲིད་འདེམས་རྒྱུའི་ཐོབ་ཐང་གི་མཚོན་པའི་ཆོས་དད་རང་དབང་གྱི་གནད་དོན་ཐད་ཐེ་བྱུས་བྱེད་མི་ཉན་པའི་སྐོར་ནས་གཏམ་བཤད་ཚོར་ཤུགས་ཆེན་པོ་གནང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༡/༣༠

Leave a Reply