སང་ཉིན་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་འཐོན་རྒྱུ་ཡིན་འདུག

དབྱིན་ཡུལ་སྲིད་བློན་བྷོ་རི་སི་ཇོན་སོན་ལགས་ཀྱིས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་འཐོན་རྒྱུ་དེ་གོ་སྐབས་དང་རེ་བས་ཁེངས་པའི་དུས་སྐབས་ཤིག་ཡིན་ཡང་དེ་ལས་ཀྱང་གལ་འགངས་ཆེ་བ་ནི་མཉམ་འབྲེལ་གྱི་གདེང་ཚོད་དགོས་པ་དེ་ཡིན། ཞེས་བརྗོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གྲོས་ཚོགས་ནང་། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ཁོངས་ནས་ཕྱིར་ཐོན་གྱི་གྲོས་ཆོད་ཐོག་ཆེས་མཐའི་མའི་འོས་བསྡུ་བྱས་པ་བརྒྱུད། གྲོས་ཚོགས་འཐུས་མི་ ༦༢༡  མོས་མཐུན་བྱས་པ་དང་འཐུས་མི་༤༩ ཡིས་རྒྱབ་སྐྱོར་བྱས་མེད་པ། དེ་བཞིན་འཐུས་མི་ ༡༣ གྱིས་འོས་བླུགས་མེད་པ་བཅས་མང་མོས་ཐོག་ནས་རྒྱལ་ཁ་ཐོབ་པར་བརྟེན། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༠  ནང་གི་དབྱིན་ཡུལ་དང་ཡུ་རོབ་མཐུན་ཚོགས་དབར་གྱི་གྲོས་ཆོད་ཀྱི་སྙིང་དོན་ལྟར། སང་ཉིན་དབྱིན་ཡུལ་དངོས་སུ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁོངས་ནས་ཐོན་རྒྱུ་ཡིན་འདུག

དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ཁོངས་ནས་ཕྱིར་ཐོན་གྱི་ཡིག་ཆར་མིང་རྟགས་འགོད་སྐབས་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ཚོགས་གཙོ་ཌེ་ཝི་ཌི་སཱ་སོ་ལེ་(David Sassoli)ལགས་ཀྱིས། ང་ཚོ་ཕྱོགས་གཉིས་ནས་དབྱིན་ཇིའི་ངལ་སྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་དམ་པ་ཇཱོ་ཁའོ་སི་(Jo Cox)ལགས་ཀྱི་སྐད་ཆ་ལ་དོན་སྣང་བྱེད་དགོས་པ་སྟེ། ཡུ་རོབ་དང་དབྱིན་ཡུལ་གཉིས་ཀྱི་མ་འོངས་པའི་འབྲེལ་ལམ་དང་རྩིས་མཐོང་སོགས་ཀྱི་ཐོག་བསམ་བློ་གཏོང་སྐབས། ང་ཚོ་སྔར་ལྷག་གི་མཐུན་སྒྲིལ་བྱེད་དགོས་པ་ལས་འགལ་ཟླར་ལངས་དགོས་པའི་རྒྱུ་རྐྱེན་གང་ཡང་མེད། ཅེས་གསུངས་ཡོད་པ་དང་། ཁྱེད་རང་ཚོ་ཡུ་རོབ་མཐུན་ཚོགས་དང་ཁ་འབྲལ་གྱི་ཡོད་མོད། ཁྱེད་ཚོ་ནམ་ཡང་ཡུ་རོབ་ཀྱི་ཆ་ཤས་ཤིག་ཡིན་པས། ད་ལྟ་ནས་བདེ་མོ་འཇོག་རྒྱུ་ཁག་པོ་འདུག་ལ། ངའི་ལས་རོགས་ཚོས་བཤད་པ་ལྟར་ང་ཚོ་ཡང་བསྐྱར་མ་མཇལ་བར་དུ་བདེ་མོ་བྱོས་ཟེར་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། ཚོགས་དུས་ཐོག་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་མིག་ཆུ་དང་ལྷན་དུ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གྲོས་ཚོགས་ནང་དགའ་སྐྱོ་འདྲེས་མའི་ཆེས་མཐའ་མའི་གཏམ་བཤད་སྤེལ་ཡོད་འདུགདབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་ཐོན་གྱི་མང་མོས་ཐག་གཅོད་བྱུང་བ་དང་དབྱིན་ཡུལ་སྲིད་བློན་གསར་པ་བྷོ་རི་སི་ཇོན་སོན་ལགས་ཀྱིས། འདི་ནི་ང་ཚོའི་རྒྱལ་ཁབ་ལ་གོ་སྐབས་དང་རེ་བས་ཁེངས་པའི་དུས་སྐབས་ཤིག་ཡིན་མོད། དེ་ལས་ཀྱང་གལ་འགངས་ཆེ་བ་ནི་ང་ཚོར་མཉམ་འབྲེལ་གྱི་གདེང་ཚོད་དགོས་པ་དེ་ཡིན། ཞེས་བརྗོད་ཡོད་པ་དང་། དབྱིན་ཡུལ་གྲོས་ཚོགས་འཐུས་མི་དང་བྷིར་ཛེག་ཊི་སྲིད་དོན་ཚོགས་པའི་ཚོགས་གཙོ་ནེ་གྷལ་(Nigel Farage)ལགས་ཀྱི་སྣེ་འཁྲིད་པའི་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། གྲོས་ཚོགས་ར་བའི་ནང་དབྱིན་ཇིའི་རྒྱལ་དར་སྒྲེང་འཛུགས་བྱས་ཏེ་གྲོས་ར་ནས་ཕྱིར་ཐོན་ཡོད་འདུག

སང་ཉིན་ནས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་ཁོངས་ནས་ཁེར་རྐྱང་དུ་འབུད་རྒྱུ་ཡིན་པ་དང་། ཡུ་རོབ་མཐུན་ཚོགས་དང་དབྱིན་ཡུལ་གཉིས་དབར་རང་དབང་ལྡན་པའི་ཚོང་འབྲེལ་གཙོ་བོར་བྱས་པའི་ཕྱོགས་གཉིས་ཀྱི་མ་འོངས་པའི་འབྲེལ་ལམ་སོགས་གཙང་སེལ་ཡོང་སླད། སང་ཉིན་ཕྱི་ཚེས་ ༣༡ ཉིན་ནས་བཟུང་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༣༡ སྔོན་དབར་གྲོས་མོལ་བྱ་རྒྱུའི་ལས་འཆར་སྒྲིག་ཡོད་པ་དང་། དུས་ཡུན་དེའི་རིང་དབྱིན་ཡུལ་དང་ཡུ་རོབ་ཀྱི་མི་སེར་རྣམས་ཡུ་རོབ་མཐུན་ཚོགས་ཀྱི་སྒྲིག་ལམ་འོག འགྲོ་འདུག་རང་དབང་སོགས་སྔར་སྲོལ་ལྟར་གནས་རྒྱུ་ཡིན་འདུགགཞན་ཡང་། ཁ་སང་གྲོས་ཆོད་དེར་མང་མོས་རྒྱལ་ཁ་ཐོབ་པ་དང་། དབྱིན་ཡུལ་གཞུང་གིས་ཡུན་རིང་ཡུ་རོབ་གྲོས་ཚོགས་ནང་དབྱིན་ཡུལ་གྱི་སྐུ་ཚབ་དོན་གཅོད་བྱས་མྱོང་བའི་སྐུ་ཞབས་ཊིམ་བྷ་རཱོ་ (Tim Barrow)ལགས་ཡུ་རོབ་མཐུན་ཚོགས་ནང་དབྱིན་ཡུལ་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱས་ཏེ། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་དང་རྦད་དེ་ཁ་བྲལ་བའི་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན་བྱས་འདུག་པ་དང་། ཆབ་སྲིད་དཔྱད་བརྗོད་པ་ཚོས། ཡུ་རོབ་མཐུན་ཚོགས་ཀྱིས་དབྱིན་ཡུལ་ལ་རྒྱལ་ཁབ་གསུམ་པ་ཞེས་ཡུ་རོབ་ཀྱི་མི་མང་དབྱིན་ཡུལ་དུ་བསྐྱོད་པར་ཐོངས་མཆན་ཞུ་དགོས་པ་སོགས་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་གང་ཅིའི་ཐད་ནས་རྒྱལ་ཁབ་ལོགས་ཁ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ཕྱོགས་གཉིས་བར་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་རྩོད་རྙོག་མུ་མཐུད་འགྲོ་རྒྱུ་ཡིན་སྐོར་རྗོད་བཞིན་འདུག

ཐེངས་འདིའི་བྷིར་ཛིག་ཊིའི་(Brexit)བརྒྱུད་རིམ་ཁྲོད། དབྱིན་ཡུལ་ཁེར་རྐྱང་དུ་ཐོན་བཞིན་པ་དེས། ཡུ་རོབ་རྒྱལ་ཁབ་ ༢༧ ནང་གནས་པའི་དབྱིན་ཡུལ་མི་མང་གི་འཚོ་སྡོད་དང་མི་སེར་ཐོབ་ཐང་། དེ་བཞིན། རྒྱལ་ཁྲལ་མེད་པའི་ཚོང་འབྲེལ་དང་དབྱིན་ཡུལ་གྱི་ཞབས་ཞུའི་སྡེ་ཁག་དག་ལ་གྱོང་གུད་ཐེབས་རྒྱུ་ཡིན་ཡང་། དབྱིན་ཡུལ་གཞུང་གིས། ཨ་རི་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལྷན་དུ་ཚོང་འབྲེལ་རྒྱ་ཇེ་ཆེར་བཏང་སྟེ་དབྱིན་ཡུལ་ཁེར་རྐྱང་དུ་ཐོན་པའི་གྱོང་གུད་གསབ་ཐུབ་པར་རེ་བ་རྒྱག་གི་ཡོད་འདུག་ལ། ཕྱོགས་གཞན་ཞིག་ནས་དབྱིན་ཡུལ་ནི་ཡུ་རོབ་མཐུན་ཚོགས་ཁོངས་ཀྱི་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཅིག་ཡིན་སྟབས། དབྱིན་ཡུལ་ཁེར་རྐྱང་དུ་ཐོན་པ་དེས་ཡུ་རོབ་མཐུན་ཚོགས་ཀྱི་སྙིང་སྟོབས་དང་བདེ་འཇགས། དམག་ཤུགས་དང་ཚོང་འབྲེལ་སོགས་ཉམས་རྒྱུ་ཡིན་པའི་ཚོད་དཔག་དང་།  ད་རེས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ལས་ཕྱིར་ཐོན་པ་དེས་དེ་སྔ་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིན་འབུད་རྒྱུ་ཡིན་པའི་བསམ་བློར་འགྱུར་བ་ཐེབས་ཏེ། ཤུལ་ལུས་ཡུ་རོབ་རྒྱལ་ཁབ་ ༢༧ གྱི་ནང་ཁུལ་མཐུན་སྒྲིལ་སྔར་ལྷག་ཇེ་ཟབ་ཏུ་ཕྱིན་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་ནང་ཞུགས་འདོད་ཡོད་པའི་རྒྱལ་ཁབ་ཊར་ཁེ་སོགས་ཀྱི་འདོད་འདུན་ཇེ་ཆུང་དུ་ཕྱིན་ཡོད་པར་བཤད།

དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ལས་ཁེར་རྐྱང་དུ་འབུད་རྒྱུའི་བསམ་འཆར་དེ་ནི་ཕྱི་ལོ་ ༢༠༡༦ ཟླ་ ༦ ནང་དབྱིན་ཡུལ་མི་མང་གིས་མང་མོས་འོས་བསྡུའི་ལམ་ནས་བྱུང་ཞིང་། འདས་པའི་ལོ་ ༣ དང་ལོ་ཕྱེད་རིང་གནད་དོན་དེའི་རྐྱེན་པས་དབྱིན་ཡུལ་ནང་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་སོགས་ཀྱི་ཐོག་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་པ་མ་ཟད། དམིགས་བསལ་རྙིང་ཞེན་སྲིད་དོན་ཚོགས་པ་དང་ངལ་སྩོལ་ཚོགས་པ་གཉིས་བར་གཞུང་འཛིན་དབང་ཆ་རྩོད་རྙོག་འོག གྲོས་ཚོགས་ནང་གཞུང་འཛིན་ཚོགས་པའི་སྲིད་བློན་ཐེངས་ ༣ རིང་འོས་བསྡུའི་ལམ་ནས་འཕོ་འགྱུར་གཏོང་དགོས་བྱུང་བ་དང་། མི་མང་ནང་དུའང་ཆབ་སྲིད་ཀྱི་འགལ་ཟླ་ཆེན་པོ་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༡/༣༠

Leave a Reply