དྷ་རམ་ས་ལར་སངས་རྒྱས་ཀྱི་མཚོན་དོན་ལྡན་པའི་སྤྱི་གླིང་བཟོ་འཆར།

བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་ཤིག་ལ་སངས་རྒྱས་བཅོམ་ལྡན་འདས་མཚོན་དོན་དུ་བྱས་པའི་སྤྱི་གླིང་རྒྱ་ཆེན་པོ་ཞིག་རྒྱག་འཆར་ཡོད་འདུགབཞུགས་སྒར་དྷ་རམ་ས་ལར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་དོ་དབྱིངས་འདྲེན་པ་དང་། ནང་བསྟན་དང་སྟོན་པའི་སྐུ་ཚེའི་མཛད་པར་ཞིབ་འཇུག་དང་གོ་རྟོགས་ཡོང་ཆེད། ཀང་རཱ་རྫོང་གིས་བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་ཤིག་ཏུ་སངས་རྒྱས་བཅོམ་ལྡན་འདས་མཚོན་དོན་དུ་བཀོད་པའི་སྤྱི་གླིང་ཆེན་པོ་ཞིག་གསར་དུ་རྒྱག་འཆར་ཡོད་འདུག

དེ་རིང་རྒྱ་གར་དུས་བབ་ཀྱི་གནས་ཚུལ་དེའི་ནང་བཀོད་པ་ལྟར་ན། སངས་རྒྱས་མཚོན་དོན་དུ་བཀོད་པའི་སྤྱི་གླིང་གི་ལས་འཆར་དེའི་ས་ཁྱོན་ལ་སྨི་གྲུབ་བཞི་མ་ཁྲི་ ༡༥ ལྷག་ཡོད་པ་དང་། འགྲོ་གྲོན་ཧིན་སྒོར་བྱེ་བ་ ༨༠ གཏང་སྟེ། བཞུགས་སྒར་དྷ་སའི་ཉེ་འདབས་ཤིག་ཏུ་མི་གྲངས་ཆིག་སྟོང་དུས་གཅིག་ཏུ་འཛོམས་ཐུབ་པ་དང་། ཟུར་དུ་བཟའ་བཏུང་བྱེད་ས།  དེ་བཞིན་ནང་བསྟན་ཞིབ་འཇུག་བྱེད་སའི་ལྟེ་གནས་ཁང་དང་དེ་འབྲེལ་ཚོགས་ཁང་སོགས་ཡོད་པའི་སྤྱི་གླིང་ཞིག་གསར་འཛུགས་གནང་འཆར་ཡོད་པ་དང་།  སྤྱི་གླིང་གི་ལས་གཞི་དེའི་འཆར་འགོད་ནང་ནོར་གླིང་ཉེ་འཁོར་ཀྱི་ཁཱ་ནེ་ཡ་རཱ་ (Khaniyara) ས་ཁུལ་ནི་འོས་ཆོས་ལྡན་པའི་ས་ཆ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སྤྱི་གླིང་དེ་ནི་ཧི་མ་ཅལ་མངའ་སྡེའི་ནང་སངས་རྒྱས་མཚོན་དོན་དུ་བྱས་པའི་སྤྱི་གླིང་ཆེ་ཤོས་སུ་འཛུགས་སྐྲུན་བྱེད་འཆར་ཡོད་འདུག

ལས་འཆར་དེ་དང་འབྲེལ་ནས་ཧི་མ་ཅལ་མངའ་སྡེའི་ཀང་རཱ་རྫོང་གི་རྫོང་དཔོན་གཞོན་པ་ (Rakesh Kumar Prajapati) ལགས་ཀྱིས། ཨེ་ཤ་ཡའི་ཡར་རྒྱས་དངུལ་ཁང་ (Asian Development Bank) གིས་ལས་འཆར་དེའི་ཆེད་དུ་ཧིན་སྒོར་བྱེ་བ་ ༨༠ ཡི་མ་དངུལ་ཟུར་འཇོག་བྱེད་ཀྱི་ཡོད་པ་དང་། ལས་འཆར་དེ་དང་འབྲེལ་བའི་སྙན་ཐོ་ཞིག་དེ་རིང་ཕྱི་ཚེས་ ༣༠ ཉིན་དངུལ་ཁང་དེར་འབུལ་གྱི་ཡོད་ལ། འབྲེལ་ཡོད་མི་སྣས་ཉེ་འཁོར་གྱི་ས་གནས་ཁག་ཅིག་ལ་གཟིགས་ཞིབ་བྱས་ཡོད་སྐོར་བརྗོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན། ས་གནས་གསར་ཁང་ (Bhaskar) གིས་བཀོད་པའི་གནས་ཚུལ་ནང་། ལས་གཞི་དེ་ནི་མངའ་སྡེ་དང་ལྷག་པར་དུ་ས་གནས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་དོ་དབྱིངས་འདྲེན་པ་དང་། ཡུལ་སྐོར་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐོར་གནས་ཚུལ་གསར་པ་ཤེས་རྟོགས་ཡོང་ཆེད། སངས་རྒྱས་དང་འབྲེལ་བའི་ཕྱག་དེབ་དང་པར་རིས། སྐུ་འདྲ་འགྲེམས་འཇོག་བྱ་འཆར་ཡོད་པ་མ་ཟད། གནས་ཚུལ་དཀོན་གྲས་ཀྱི་རིགས་མང་པོ་མཁོ་སྤྲོད་བྱས་ཏེ་ནང་བསྟན་དང་སྟོན་པའི་སྐུ་ཚེ་དང་འབྲེལ་བའི་ཞིབ་འཇུག་ཐད་ཉམས་ཞིབ་པ་དང་ཆེད་ལས་པ། ཤེས་ཡོན་གྱི་སྡེ་ཁག་རྣམས་ལ་ཕན་ཐོགས་སྒྲུབ་ཆེད་ཡིན་སྐོར་བཀོད་འདུག

སྤྱི་གླིང་གི་ལས་འཆར་དེ་དུས་ནམ་ཞིག་ནས་མགོ་འཛུགས་འཆར་ཡོད་མེད་དང་ག་དུས་འགྲུབ་ཐུབ་ཐུབ་མིན་ཐད། འདི་ག་དུས་བབ་ཀྱི་གསར་འགོད་པས་ཁ་པར་བརྒྱུད་ཀང་རཱ་རྫོང་ལས་ཁུངས་སུ་བཀའ་འདྲི་ཞུས་པར། ད་ལྟའི་ཆར་ཤེས་རྟོགས་མེད་ལུགས་གསུངས་བྱུང་། དྷ་སའི་ས་གནས་མགོ་འཛིན་ལས་ཁུངས་ལ་བཀའ་འདྲི་ཞུ་སྐབས། གནས་ཚུལ་འདིའི་སྐོར་དེ་རིང་སྔ་དྲོར་གོ་ཐོས་བྱུང་བ་དང་། ཀང་རཱ་རྫོང་ལས་ཁུངས་སུ་ལས་བྲེལ་གྱི་དབང་གིས་དེ་རིང་བཅར་ཐུབ་ཀྱི་མེད་པས། རྫོང་ལས་ཁུངས་སུ་མ་བཅར་བར་དུ་གནས་ཚུལ་དེའི་སྐོར་བརྗོད་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༡/༣༠

Leave a Reply

2 thoughts on “དྷ་རམ་ས་ལར་སངས་རྒྱས་ཀྱི་མཚོན་དོན་ལྡན་པའི་སྤྱི་གླིང་བཟོ་འཆར།

  1. བསོད་ནམས་རྒྱལ་མཚན།

    😂😂😂 ཧིན་དཱུས་ཏཱན་ནང་ ནང་པ་རྩ་མེད་བཏང་པ་རེད། ད་ཆ་ནང་པ་ ཧིན་དཱུས་ཏཱན་གྱི་ ཨིན་ཀམ་ ཡག་ཤོས་དེ་ཆགས་སྡད་ཡོད། ནང་པའི་གནས་ཆེན་ག་པ་ཡོད་ན་ ཧ་ལམ་ ཊི་ཀཊ མ་གཏོར་བ་འགྲོ་ས་མེད། ༧གོང་ས་མཆོག་ནི་ནང་པའི་གཙོ་བོ་ཞིག་ཡིན་རུང་ རྒྱ་གར་དང་ ཧི་མ་ཅཱལ་མངའ་སྡེའི་ ཚོང་ཟོག་ཆགས་སྡད་ཡོད། ཁོང་ཚོའི་སྟོན་པའི་གླིང་ཁ་ལས་འཆར་དེ་མགོ་བཙུག་རུང་མ་བཙུག་རུང་དགའ་དགོས་ཡ་གང་ཡང་མ་མཐོང་། དེ་ལས་ ང་ཚོ་ ༡༩༥༦ ལོར་ ༧གོང་ས་མཆོག་བོད་ལ་ཕར་ཕྱིར་ལོག་བཏང་བ་དང་། སྐྱབས་བཅོལ་ངོས་ལན་མེད་པ། བོད་རྩིས་མེད་བཏང་བ་འདི་གས་ མ་བརྗེད་པ་བགྱིས།། མི་ཡུལ་ག་ཚོད་སྐྱིད་ཀྱང་ རང་ཡུལ་ནམ་ཡང་མ་བརྗེད།།