རྒྱ་ནག་གི་ནད་ཡམས་ཀྱིས་འཛམ་གླིང་གི་འཕྲོད་བསྟེན་ཛ་དྲག་ཅན་དུ་བསྒྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་གིས་རྒྱ་ནག་གི་གློ་བའི་འགོས་ནད་འཛམ་གླིང་གི་ཡུལ་ལུང་མང་པོའི་ནང་ཁྱབ་ཡོད་པས་ཚང་མ་མཉམ་རུབ་ཀྱི་ཐོག་ནས་རོགས་རམ་དང་གདོང་ལེན་བྱེད་དགོས་པའི་འབོད་སྐུལ་གནང་།ཁ་སང་ཕྱི་ཚེས་ ༣༠ ཉིན་ཇི་ནི་ཝ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་ (WHO) གིས། རྒྱ་ནག་ཝུ་ཧན་གློ་བའི་འགོས་ནད་དེ་ཉེན་ཚབས་ཅན་དང་རྒྱུན་ལྡན་མ་ཡིན་པ། བློ་ཡུལ་ལས་འདས་པ་ཞིག་ཏུ་ངོས་འཛིན་གྱིས་གོ་ལའི་འཕྲོད་བསྟེན་ཛ་དྲག་ཅན་དུ་གྱུར་ཡོད་སྐོར་བསྒྲགས་ཏེ། སྨན་བཅོས་ཀྱི་ཆ་རྐྱེན་ཞན་པའི་རྒྱལ་ཁབ་ཁག་ལ་རོགས་རམ་བྱེད་པ་དང་། ཆིག་སྒྲིལ་དང་མཉམ་རུབ་གྱི་སྙིང་སྟོབས་བསྐྱེད་དེ་གློ་བའི་འགོས་ནད་དེར་གདོང་ལེན་བྱེད་དགོས་པའི་ལམ་སྟོན་གནང་འདུག

རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ (Tedros Adhanom Ghebreyesus)ལགས་ཀྱིས། གོ་ལའི་འཕྲོད་བསྟེན་ཛ་དྲག་ཅན་དུ་གྱུར་ཡོད་པ་བསྒྲགས་དོན་གཙོ་བོ་ནི་རྒྱ་ནག་ནང་ཅི་ཞིག་འབྱུང་བཞིན་ཡོད་པའི་རྒྱུ་རྐྱེན་གྱིས་མིན་པར་རྒྱལ་ཁབ་གཞན་ཚོའི་ནང་ག་རེ་འབྱུང་བཞིན་ཡོད་པའི་གནད་དོན་གྱིས་ཡིན་པ་དང་། ང་ཚོའི་བློ་ཚབས་ཆེ་ཤོས་ནི་སྨན་བཅོས་ཀྱི་ཆ་རྐྱེན་ཞན་པའི་རྒྱལ་ཁབ་གཞན་ཚོའི་ནང་ནད་འབུ་ཁྱབ་བརྡལ་དུ་འགྲོ་ཉེན་ཆེ་བ་དེ་ཡིན་པ་རེད། ཅེས་དང་། རྒྱ་ནག་ཕྱི་རུ་ཁྱབ་པའི་གནད་དོན་ཕལ་ཆེ་བ་ཝུ་ཧན་ལ་ཕྱིན་པ་དང་། ཝུ་ཧན་ལ་ཕྱིན་པའི་མི་ལ་འབྲེལ་འདྲིས་བྱུང་བའི་རྐྱེན་གྱིས་འགོས་པ་ཞིག་ཡིན་པ་རེད། ཅེས་བརྗོད་འདུག

གནས་མཚུལ་དེ་དང་འབྲེལ་ནས་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཧྭ་ཁྲིན་ཡེན་ (Hua Chunying) གྱིས་དེ་རིང་ཕྱི་ཚེས་ ༣༡ ཉིན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། རྒྱ་ནག་ཕྱོགས་ནས་ཐེངས་འདིའི་འགོས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་རྒྱལ་ཁ་ལོན་པའི་ཡིད་ཆེས་དང་ནུས་པ་ཡོད་སྐོར་དང་། མུ་མཐུད་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་སོ་སོའི་བར་མཉམ་ལས་བྱས་ཏེ་འཛམ་གླིང་ཡོངས་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་སྐོར། དེ་བཞིན་ཉེ་ཆར་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་གི་ཆེད་མཁས་པ་རིམས་ནད་འབྱུང་སའི་ཡུལ་དངོས་སུ་ཕྱིན་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་རྒྱ་ནག་ནང་ཕྱིན་ཏེ་འགོས་ནད་དེ་བཅོས་ཐབས་སྐོར་ལ་གླེང་མོལ་བྱུང་ཡོད་སྐོར་སོགས་བརྗོད་འདུག

གློ་བའི་འགོས་ནད་དེ་ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནང་བྱུང་ཡོད་པ་ཤེས་རྟོགས་ཡོད་པ་དང་། རྒྱལ་སྤྱིའི་ཉམས་ཞིབ་པས་ནད་འབུ་དེ་ནི་བདག་མེད་སྲོག་ཆགས་བརྒྱུད་མི་ལ་འགོས་པའི་ཚོད་དཔག་བྱེད་ཀྱི་ཡོད་ལ། རྒྱ་ནག་གཞུང་གིས་ནད་འབུ་ཐོག་མ་བྱུང་སའི་བདག་མེད་སྲོག་ཆགས་ཀྱི་ཤ་འཚོང་ཁྲོམ་ར་དེ་ནི་ཁྲིམས་མཐུན་མིན་པའི་ཁྲོམ་ར་ཞིག་ཡིན་སྐོར་བརྗོད་ཀྱིན་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༥ ཙམ་ནས་བཟུང་སྒོ་བརྒྱབས་ཡོད་འདུག རྒྱ་གཞུང་གི་བསྡོམས་རྩིས་ལྟར་ན། ཁ་སང་ཕྱི་ཚེས་ ༣༠ ཉིན་བར་དུ་འགོས་ནད་ཕོག་པའི་མི་ ༢༡༤ འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་གྲངས་ ༩༨༠༠ ལྷག་ལ་ནད་འབུ་དེ་འགོས་ཡོད་པ་དང་། ནད་པ་ཚོས་འབྲེལ་འདྲིས་བྱུང་བའི་མི་གྲངས་འབུམ་གཅིག་ལྷག་ལས་བརྒལ་ཡོད་འདུག ཡིན་ནའང་། ཕྱི་ཕྱོགས་ཀྱི་གནད་དོན་དབྱེ་ཞིབ་པ་ཚོས་འདས་པོ་དང་ནད་པའི་གྲངས་འབོར་དེ་ལས་ལྡབ་འགྱུར་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

ད་ལྟ་གློ་བའི་འགོས་ནད་དེ་ཉུང་མཐར་འཛམ་གླིང་གི་རྒྱལ་ཁབ་ ༡༨ ནང་ཁྱབ་ཡོད་པ་དང་། འགོས་ནད་བྱུང་བའི་རྒྱ་ཁབ་གསར་ཤོས་ཤིག་ནི་རྒྱ་གར་ཡིན་པ་རེད། ཁ་སང་ཕྱི་ཚེས་ ༣༠ ཉིན། རྒྱ་གར་ནང་ཐོག་མར་ལྷོ་ཕྱོགས་ཀེ་རི་ལ་མངའ་སྡེའི་ (Kerala) ནང་ཝུ་ཧན་གྲོང་ཁྱེར་ནང་སྨན་རིག་སློབ་གཉེར་བྱེད་བཞིན་པའི་བུ་མོ་ཞིག་ལ་འགོས་ནད་དེ་ཡོད་པ་གཏན་འཁེལ་བྱས་ཏེ། སྨན་ཁང་དུ་ཟུར་འཇོག་སྨན་བཅོས་བྱེད་བཞིན་ཡོད་འདུག ཁེ་རི་ལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ (K K Shailaja) ལགས་ཀྱིས། གློ་བའི་འགོས་ནད་ཀྱི་ནད་འབུ་ཡོད་པའི་སློབ་མ་དེའི་གནས་སྟངས་ནི་བརྟན་བརླིང་ཆགས་ཡོད་པ་དང་། དེའི་ཐད་བློ་ཚབས་བྱེད་མི་དགོས་སྐོར་གསར་ཁང་ཁག་ལ་བརྗོད་འདུག

རྒྱ་གར་ཀྱི་དུས་བབ་གསར་ཁང་གི་གནས་ཚུལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀེ་རི་ལ་མངའ་སྡེའི་ (Kerala) མི་གྲངས་ ༡༠༥༣ ཝུ་ཧན་ནས་བསླེབས་ཡོད་པའི་ཁྲོད་ནས་མི་གྲངས་ ༡༥ སྨན་ཁང་ནང་ཟུར་དུ་སྨན་བཅོས་བྱེད་དགོས་བྱུང་ཡོད་ནའང་། སློབ་མ་བུ་མོ་དེ་གཅིག་པུར་གློ་བའི་འགོས་ནད་བྱུང་ཡོད་སྐོར་དང་། འགོས་ནད་བྱུང་རྒྱལ་ས་ལྡི་ལིར་ཆེས་མཐོའི་ཚོགས་འདུ་ཞིག་ཚོགས་ཏེ། འཛིན་སྐྱོང་ལྷན་ཁང་གི་འགན་འཛིན་རཱ་ཇིབ་གྷོ་བྷ (Rajiv Gauba) ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་གྱི་རྗེས་ནས་རྒྱ་ནག་ནས་རྒྱ་གར་ནང་བསླེབས་པའི་འགྲུལ་བ་ཚང་མར་བརྟག་དཔྱད་བྱ་རྒྱུ་ཡིན་པའི་ཐག་གཅོད་གནང་ཡོད་པ་དང་སྦྲགས། གནས་སྐབས་རིང་རྒྱ་ནག་ནང་འགྲོ་སྐྱོད་མི་བྱེད་པའི་ལམ་སྟོན་གནང་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༣༠ ཉིན། རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རཱ་ཝེ་ཤི་ཀུ་མར་ (Raveesh Kumar) ལགས་ཀྱིས། ང་ཚོས་རྒྱ་ནག་གི་ཧུའུ་པའེ་ (Hubei) ཞིང་ཆེན་ནང་རྒྱ་གར་གྱི་མི་སེར་གྲངས་ ༦༠༠ ལྷག་ལ་འབྲེལ་བ་བྱས་ཏེ་ཕྱིར་རྒྱ་གར་ནང་ལོག་འདོད་ཡོད་མེད་ལ་རྩད་གཅོད་བྱས་ཡོད་པ་དང་། ཕྱིར་ལོག་འདོད་ཡོད་མཁན་ཚོར་གནམ་ཐང་དུ་འགྲོ་བའི་གོ་སྒྲིག་བྱེད་ཀྱི་ཡོད། ཅེས་དང་། ང་ཚོས་རྒྱ་ནག་གཞུང་ལ་རེ་སྐུལ་ཞུས་ཏེ་རྒྱ་གར་གྱི་མི་སེར་རྣམས་ཧུའུ་པའེ་ཞིང་ཆེན་ནས་གནམ་གྲུ་གཉིས་བརྒྱུད་ཕྱིར་རྒྱ་གར་ནང་ལོག་ཐབས་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

རྒྱ་ནག་ལ་གློ་བའི་འགོས་ནད་ཁྱབ་བརྡལ་དུ་ཕྱིན་ཏེ་སྟངས་འཛིན་མ་ཐུབ་པའི་གནས་སུ་ལྷུང་ཡོད་སྐབས། ཨ་རི་དང་ཉི་ཧོང་སོགས་ཀྱིས་ཝུ་ཧན་ནང་ཡོད་པའི་སོ་སོའི་མི་སེར་རྣམས་ཕྱིར་རང་ཡུལ་དུ་བླངས་ཡོད་ཀྱང་ ། པ་ཀི་སི་ཐན་གྱི་དམིགས་བསལ་སྲིད་བློན་ལས་རོགས་རྫ་ཧྥར་མིར་རྫ (Zafar Mirza) ཡིས་པ་ཀི་སི་ཐན་གཞུང་ནས་རྒྱ་ནག་ལ་གདུང་སེམས་མཉམ་སྐྱེད་སླད་མི་སེར་རྣམས་ཕྱིར་མི་ལེན་པ་དང་། གལ་སྲིད་འགན་ལེན་མེད་པའི་ཐོག་ནས་མི་སེར་རྒྱ་ནག་ནས་ཕྱིར་བཏོན་ཚེ། རིམས་ནད་དེ་མེ་སྟག་མཆེད་པ་ལྟར་འཛམ་གླིང་གི་གང་སར་ཁྱབ་ངེས་ཡིན་སྐོར་བརྗོད་འདུག

ཝུ་ཧན་གྱི་གློ་བའི་འགོས་ནད་དེ་ནི་ཁུ་རོ་ནཱ་ནད་འབུ་ཡི་རིགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ནད་འབུ་དེར་ 2019-nCoV བཏགས་ཡོད་པ་རེད། ད་སྔ་འགོས་ནད་དེར་ཚན་རིག་དང་མཐུན་པའི་སྔོན་འགོག་དང་བཅོས་ཐབས་ཀྱི་སྨན་རྙེད་མེད་ལ། རྒྱ་ནག་གི་རིམས་ནད་སྟངས་འཛིན་དང་སྔོན་འགོག་ལྟེ་གནས་ཁང་ (Chinese Center for Disease Control and Prevention) གིས་སྔོན་འགོག་སྨན་ཁབ་ཅིག་བཟོ་བཞིན་ཡོད་འདུག་ལ། ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གིས་ཀྱང་སྔོན་འགོག་སྨན་ཁབ་ཅིག་བཟོ་བཞིན་ཡོད་ནའང་། ད་ལྟ་ད་དུང་སྲོག་ཆགས་ཀྱི་ལུས་ལ་ཚོད་ལྟ་བྱས་མེད་ཚུལ་བསྒྲགས་ཡོད་པ་རེད།

དེ་བཞིན་ཨ་རིའི་རྒྱལ་ཡོངས་འཕྲོད་བསྟེན་ལྟེ་གནས་ཁང་གིས་མཉམ་འབྲེལ་བྱེད་བཞིན་པའི་མོ་ཌེར་ན་སྐྱེས་དངོས་འཕྲུལ་རིག་བཟོ་སྐྲུན་ཁང་ (Moderna Inc) གིས་སྔོན་འགོག་སྨན་ཁབ་བཟོ་ཐབས་བྱས་ཏེ་འདི་ལོའི་ཕྱི་ཟླ་ ༥ ནང་བཟོ་བསྐྲུན་བྱ་རེ་ཡོད་སྐོར་བསྒྲགས་ཡོད་པ་རེད། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན། ཨོ་གླིང་གི་ཁུན་སི་ལེན་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ (University of Queensland) ཚན་རིག་པ་ཁག་ཅིག་ནས་ནད་འབུ་དེའི་མ་དཔེ་ཞིག་བཟོ་ཐུབ་ཡོད་ལ། དེ་ལ་བརྟེན་ནས་ནད་འབུ་དེའི་གཉེན་པོ་ཇི་ཞིག་ཡིན་རྙེད་སླ་རུ་བཏང་ཡོད་འདུག་པས། ཚན་རིག་ཁྱད་མཁས་པས་ནད་འབུ་དེའི་མ་དཔེ་ཞིག་བཟོ་ཐུབ་པ་བྱུང་བ་ནི་འགོས་ནད་དེར་གདོང་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་གོམ་པ་ཆེན་པོ་ཞིག་སྤོས་པར་ངོས་འཛིན་བྱེད་ཀྱི་ཡོད་ནའང་། མིའི་ལུས་ཁམས་སུ་སྤྱོད་ཆོག་པའི་སྔོན་འགོག་གི་སྨན་ཁབ་བཟོ་བར་ཟླ་གསུམ་ཙམ་འགོར་གྱི་ཡོད་འདུག དེ་བཞིན་ཨ་རིའི་ (Inovio Pharmaceuticals) ཡིས་སྔོན་འགོག་སྨན་ཁབ་ཅིག་བཟོས་ཡོད་ནའང་། མིའི་ལུས་སུ་སྤྱོད་ཆོག་པའི་ཆོག་མཆན་ད་དུང་མེད་པས། སྔོན་འགྲོའི་གཙང་སེལ་ཆེད་བེད་སྤྱོད་བྱེད་པའི་གྲ་སྒྲིག་ཡིན་འདུག ལྟེ་གནས་ཁང་དེས་རྒྱ་ནག་གཞུང་ནས་ཆོག་མཆན་ཐོབ་ཆེད་རྒྱ་ནག་གི་ཚན་རིག་ཆེད་ལས་པ་ཚོར་མཉམ་འབྲེལ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༡/༣༡

Leave a Reply

3 thoughts on “རྒྱ་ནག་གི་ནད་ཡམས་ཀྱིས་འཛམ་གླིང་གི་འཕྲོད་བསྟེན་ཛ་དྲག་ཅན་དུ་བསྒྱུར།

  1. གཞུང་པ་ཚེ་དབང་བསོད་ནམས།

    རྒྱ་ནག་གི་ནད་ཡམས་འཛམ་གླིང་ལ་ཁྱབ།
    འཛམ་གླིང་ཧྲིལ་པོ་བྲེལ་ཚུབ་ལངས།
    ཨོམ་སྤེ་ཤ་རྩེ་ སྤེ་ཎི་ཤ་ཝ་རི་ སར་སྦ་ཛ་ལ་པྲ་
    ཤ་མ་ཡེའི་སཱོཧ།
    ཨོམ་ཏཱ་རེ་ཏྟུ་ཏ་རེ་ཏུ་རེའི་སཱོཧ།
    སྒོག་ཆུ་མང་ཙམ་འཐུང་དགོས།
    Drink more boiled garlic water.

  2. སེམས་ཅན་ནད་པ་ཇི་ཉིད་སྙེད་པ། མྱུར་དུ་ནད་ལས་ཐར་གྱུར་ཅིག ། འགྲོ་བའི་ནད་ནི་མ་ལུས་པ། རྟག་ཏུ་འབྱུང་བར་མེད་པར་ཤོག །