གནས་སྐབས་རིང་མཇལ་ཁ་མཚམས་འཇོག་གནང་།

རྒྱ་ནག་གི་གློ་བའི་འགོས་ནད་ཀྱིས་འཛམ་གླིང་གི་འཕྲོད་བསྟེན་གནས་བབ་ཛ་དྲག་ཅན་དུ་གྱུར་ཡོད་པས་རང་གཞན་གཉིས་ཀྱི་བདེ་འཇགས་ཆེད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ནས་དད་ལྡན་མཇལ་ཞུ་བར་གནས་སྐབས་རིང་མཇལ་ཁ་མཚམས་འཇོག་གནང་འདུགའདི་གའི་གསར་འགོད་པས་ཞལ་པར་བརྒྱུད་སྐུ་སྒེར་དྲུང་ཆེ་སྟག་ལྷ་བསྟན་འཛིན་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་དུས་ཚོད་དེ་ནི་༧རྒྱལ་བ་རིན་པོ་ཆེ་མཆོག་ལོ་ལྟར་སྐུ་མཚམས་སུ་བཞུགས་པའི་དུས་ལ་འཁེལ་ཡོད་པ་དང་། དེའི་ཐོག་དེང་སྐབས་གློ་བའི་རིམས་ནད་ཅིག་འགོས་ཁྱབ་ཡོང་གི་ཡོད་པ་དང་། འཛམ་གླིང་གང་ས་ནས་མཇལ་བཅར་བ་ཡོང་གི་ཡོད་སྟབས། ང་ཚོས་བརྟན་པོ་དང་གཟབ་གཟབ་བྱེད་པའི་དུས་ལ་བསླེབས་ཡོད་སྟབས། ཕྱི་ཟླ་དང་པོའི་ཚེས་ ༢༨ ཉིན་ནས་བཟུང་གནས་སྐབས་རིང་གཟིམ་ཆུང་མཇལ་ཁ་མཚམས་འཇོག་གནང་ཡོད་པ་དང་། བསྐྱར་དུ་མཇལ་ཁ་ག་དུས་གནང་མིན་གནས་སྟངས་ལ་བལྟ་རྒྱུ་ཡིན་སྐོར་བརྗོད་བྱུང་།

དེ་བཞིན་དེ་རིང་ཕྱི་ཚེས་ ༡ ཉིན་ས་སྐྱ་སྒྲོལ་མ་ཕོ་བྲང་ཡིག་ཚང་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་པའི་ནང་། ད་ལྟའི་ཆར་ཏོག་དབྱིབས་ནད་དུག་གི་ཡམས་ནད་འདི་བཞིན་ཁྱབ་གདལ་དུ་འགྲོ་བཞིན་པའི་ཉེན་ཁའི་གནས་སུ་སོང་། རང་གཞན་ཚང་མའི་བདེ་འཇགས་ལ་ཆེད་དུ་དམིགས་ཏེ། གནས་སྐབས་རིང་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་མཇལ་ཁ་མེད། ཅེས་གསུངས་འདུག

རྒྱ་ནག་གི་འགོས་ནད་དེས་འཛམ་གླིང་གི་འཕྲོད་བསྟེན་གནས་བབ་ཛ་དྲག་ཅན་དུ་བསྒྱུར་ནས་གང་སར་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པས་རྒྱལ་ཁབ་མང་པོས་འགོག་སྲུང་དང་བཅོས་ཐབས་ཐད་འབད་བརྩོན་བྱེད་བཞིན་ཡོད་པ་དང་། བོད་ཕྱི་ནང་གཉིས་སུའང་འགོག་སྲུང་ཐད་ཧ་ཅང་ཤུགས་སྣོན་བྱེད་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྤྱི་རིམ་གསལ་བསྒྲགས་ཤིག་གནང་བའི་ནང་། དེང་སྐབས་ཏོག་དབྱིབས་ཅན་གྱི་ནད་ཡམས་གློ་བའི་གཉན་ཚད་ཆེས་ཁྱབ་གདལ་འགྲོ་བཞིན་པ་དེ་དག་སྤྱིར་འཛམ་བུ་གླིང་དང་། སྒོས་སུ་འཕགས་ཡུལ་གངས་ལྗོངས་བཅས་པར་སྔོན་འགོག་འབྱུང་བཅོས་ལ་སྨན་སླད། བླ་ལྷའི་ཐུགས་དམ་དགོངས་དོན། ཐུབ་པའི་མཚན་སྔགས་འགྲོ་གང་ཆེ་དང་། མ་ཎི་དུང་ཕྱུར། སྒྲོལ་མའི་མཚན་སྔགས་ཡི་གེ་བཅུ་པ། བཀའ་འགྱུར་དག་སྒྲོག རྡོ་རྗེ་རྣམ་འཇོམས་མའི་སྒོ་ནས་རྟེན་ཁྲུས་ཡུལ་ཁྲུས། འདོད་ཁམས་བདག་མོའི་བསྐང་བདང་འབྲེལ་བའི་མ་མོའི་འཁྲུགས་སྐོང་། པདྨའི་མནོལ་བསངས་བཅས་འཕྲལ་དུ་བསྒྲུབ་དགོས། ཅེས་ལམ་སྟོན་ཕེབས་ཡོད་པ་རེད།

དེ་བཞིན་ཕྱི་ཟླ་ ༡ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཛ་དྲག་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཐུབ་པའི་མཚན་སྔགས་འགྲོ་གང་ཆེ་དང་། མ་ཎི་དུང་ཕྱུར། སྒྲོལ་མའི་མཚན་སྔགས་ཡི་གེ་བཅུ་པ་བཅས་མི་སྒེར་དང་དགོན་སྡེ་ཁག་ནས་སྤྱི་རིམ་སྒྲུབ་དགོས་པའི་འབོད་བསྐུལ་གནང་ཡོད་པ་ལྟར། རྒྱ་གར་དང་བལ་ཡུལ་སོགས་སུ་སེར་སྐྱ་མི་མང་ནས་བོད་ཀྱི་སྨན་རྩིས་ཁང་སོགས་ཀྱི་རིམས་ནད་འགོག་པའི་རིལ་བུ་ནག་པོ་དགུ་སྦྱོར་དང་ནད་འགོག་བདུད་རྩི་སོགས་ཉོ་མཁན་ཧ་ཅང་མང་པོ་འདུག་ལ། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་གསུམ་གཙོ་བོར་གྱུར་བའི་དགོན་སྡེ་ཁག་ནས་ཀྱང་སྤྱི་རིམས་བསྒྲུབས་དང་སྒྲུབ་བཞིན་འདུག

དེ་རིང་ཕྱི་ཟླ ༢ ཚེས་ ༡ ཉིན་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། དེ་རིང་ཞོགས་པ་པེ་ཅིན་གྱི་ཆུ་ཚོད་ ༩།༥༨ བར་རྒྱ་ནག་རྒྱལ་ཡོངས་སུ་ཝུ་ཧན་གློ་བའི་འགོས་ནད་ཀྱིས་མི་ ༢༥༩ འདས་གྲོངས་དང་། འགོས་ནད་ཅན་མི་ ༡༡༨༢༡ དང་། དོགས་གནས་ཅན་ ༡༧༩༨༨། དྲག་སྐྱེད་བྱུང་བ་ ༢༤༣ བཅས་ཡོད་པ་དང་།  དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་འགོས་ནད་ཡོད་མཁན་ནད་པ་ ༡ དང་། བོད་རིགས་འདུས་སྡོད་ཀྱི་ཞིང་ཆེན་ཁག་ལས་སི་ཁྲོན་ཞིང་ཆེན་ནང་ནད་པ་ ༢༠༧ དང་མཚོ་སྔོན་ཞིང་ཆེན་ནང་ནད་པ་ ༨ ། ཀན་སུའུ་ཞིང་ཆེན་ནང་ ༣༥། ཡུན་ནན་ཞིང་ཆེན་དནང་ ༨༣ བཅས་ཡོད་པ་དང་། བོད་རིགས་འདུས་སྡོད་ཤུགས་ཆེ་བའི་ཁུལ་རིམ་པའི་ནང་དཀར་མཛེས་སུ་འགོས་ནད་དེ་ཡོད་མཁན་ ༥ དང་། རྔ་བ་ཁུལ་འབར་ཁམས་ནང་ནད་པ་ ༡ བཅས་བྱུང་ཡོད་འདུག

ཕྱིའི་རྒྱལ་ཁབ་ཁག་ལས་ཐའེ་ལན་ཌིའི་ནང་འགོས་ནད་དེ་ཡོད་མཁན་ ༡༤ དང་ཉི་ཧོང་དུ་ ༡༤། ལྷོ་ཀོ་རི་ཡའི་ནང་ ༧། ཝེ་ཐི་ནམ་ནང་ ༥ ། སེངྒ་པོར་ནང་ ༡༣། མཱ་ལཱ་ཤི་ཡ་ནང་ ༧། བལ་ཡུལ་ནང་ ༡། ཧྥ་རན་སའི་ནང་ ༦ ། ཨོ་སི་ཊོ་ལི་ཡའི་ནང་ ༩། ཨ་རིའི་ནང་ ༦། ཐའེ་ཝན་ནང་ ༩། གསར་དུ་ཤེས་རྟོགས་བྱུང་བའི་རྒྱལ་ཁབ་ཁག་ལས་རྒྱ་གར་ནང་ ༡ དང་ཨེ་ཊི་ལེ་ནང་༢། ཧྥི་ལི་པིན་ནང་ ༡ ། ཤི་རི་ལན་ཁ་ནང་ ༡ ། ཨ་རབ་མཉམ་འབྲེལ་རྒྱལ་ཁབ་ནང་ ༤ ། ཁཱམ་བྷོ་ཌི་ཡ་ནང་༡ ། ཁ་ན་ཌ་ནང་༧ ། ཧྥེན་ལན་ཌི་ནང་ ༡ ། འཇར་མན་ནང་ ༣ བཅས་ཡོད་པ་དང་། ད་ལྟའི་ཆར་རྒྱལ་ཁབ་དེ་དག་ནང་རྐྱེན་འདས་སོང་བའི་གནས་ཚུལ་བྱུང་མེད་ཀྱང་དོགས་གནས་ཅན་མང་དུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར་དང་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༢/༠༡

Leave a Reply