རྒྱ་མི་འགོས་ནད་ཅན་གྱིས་བོད་ནང་གི་མི་མང་པོར་བསམ་བཞིན་དུ་འབྲེལ་འདྲིས་བྱས་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྒྱ་ནག་ནང་གློ་བའི་འགོས་ནད་ཛ་དྲག་ངང་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་ཀྱང་བོད་ནང་དོ་ནན་བྱེད་ཀྱི་མེད་པའི་གནད་དོན་ལ་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ནས་འཕྲལ་དུ་ལྟ་ཞིབ་ནན་པོ་གནང་དགོས་པའི་འབོད་སྐུལ་གནང་འདུག
མདང་དགོང་རྒྱ་ནག་གཞུང་ཕྱོགས་ནས་ཛ་དྲག་གནས་ཚུལ་སྤེལ་བ་ལྟར་ན། ཟི་ལིང་གྲོང་ཁྱེར་ནང་ཁུ་རོ་ནཱ་གློ་བའི་འགོས་ནད་ཅན་གྱི་ནད་པའི་གྲངས་འབོར་ ༩ ལ་འཕར་ཡོད་པ་མ་ཟད། སྐུ་འབུམ་རྫོང་ལི་ཅ་ཧྲན་གྲོང་རྡལ་གྱི་གྲོང་མི་ཀོའུ་མིང་ཅན་གྱི་རྒྱ་མི་ཞིག་དང་དེའི་བུ་ཡིས་ཁོ་གཉིས་ཝུ་ཧན་ནས་བོད་ཟི་ལིང་དུ་ཡོང་བའི་གནས་ཚུལ་སྦེད་གསང་བྱས་ཡོད་པ་མ་ཟད། ཚ་བ་རྒྱས་པ་དང་གློ་རྒྱག་པ་སོགས་ནད་རྟགས་གསལ་པོ་ཐོན་ཡོད་ཀྱང་བསམ་བཞིན་དུ་མི་མང་པོར་འབྲེལ་འདྲིས་ཐེངས་མང་བྱས་ཡོད་པ་མ་ཟད། ཀོའུ་ཡི་བུ་དེ་ཕྱི་ལོགས་སུ་ཐེངས་མང་པོར་སོང་ནས་མི་མང་པོ་འབྲེལ་འདྲིས་དམ་ཟབ་བྱས་ཡོད་སྟབས། ཀོའུ་མིང་ཅན་དེ་གཉིས་རྒྱ་ནག་གི་འགོས་ནད་འགོག་བཅོས་ཀྱི་བཅའ་ཁྲིམས་སོགས་དང་འགལ་ཡོད་པ་དང་། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་བྱས་ཉེས་བསགས་པར་ངོས་འཛིན་གྱིས་གྱོད་དོན་ཐོ་འགོད་བྱས་ཏེ་ཟུར་འཇོག་སྨན་བཅོས་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་གཙོ་ཊི་ཌོར་སི་(Tedros Adhanom)ལགས་ཀྱི་མཚན་ཐོག་ཏུ་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་ཏེ། རྒྱལ་ཁབ་མང་པོ་ཞིག་གིས་སོ་སོའི་རྒྱལ་ཁབ་ནང་ནད་འབུ་དེ་མི་ཡོང་སླད། རྒྱ་ནག་ནས་ཡོང་བའི་འགྲུལ་བཞུད་པ་ཚང་མར་སྨན་བཅོས་བརྟག་དཔྱད་བཏང་སྟེ་གཟབ་ནན་བྱེད་བཞིན་ཡོད། འོན་ཀྱང་། རྒྱ་ནག་གི་བཙན་འཛུལ་འོག་ཡོད་པའི་བོད་ནང་གི་བོད་མི་ཚོར་སྲུང་སྐྱོབ་དང་སྨན་བཅོས་གང་ཡང་མེད་པར་ནད་འབུ་འགོས་ཆོག་ཆོག་གི་ཉེན་ཁའི་གནས་སུ་ཡོད་ལ། རྒྱ་ནག་གི་དྲག་གནོན་སྲིད་བྱུས་འོག་བོད་མི་ཚོས་སོ་སོའི་དཀའ་སྡུག་ཕྱིར་བཤད་ཐུབ་ཀྱི་མེད་པར་བརྟེན། སྐུ་ཉིད་ནས་རྒྱ་ནག་གཞུང་གིས་ནད་འབུ་མཆེད་ཡོང་སའི་ཝུ་ཧན་གྲོང་ཁྱེར་ནས་བོད་ནང་འགྲོ་སྐྱོད་ཀྱི་སྒོ་བརྒྱབ་མེད་པ་སོགས་བོད་མི་ཚོར་བཟུང་བའི་བྱ་སྤྱོད་ཐོག་ཐུགས་སྣང་གནང་རོགས། ཞེས་གསུངས་འདུག

ཡང་འབོད་སྐུལ་ཞུ་ཡིག་དེའི་ནང་། རྒྱ་ནག་གི་བྱེད་སྟངས་དེ་ནི་ཧང་སང་དགོས་པ་ཞིག་མིན། རྒྱུ་མཚན་ནི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་མི་རྣམས་རྩ་གཏོར་གཏོང་ཐབས་བྱེད་བཞིན་ཡོད། ད་རེས་ཝུ་ཧན་དང་རྒྱ་ནག་གི་ས་ཆ་གཞན་ནས་བོད་ནང་འགྲུལ་བཞུད་ཀྱི་སྒོ་མ་བརྒྱབ་པར་བོད་མི་ཚོ་འགོས་ནད་དེའི་ཉེན་ཁའི་ནང་གཡུགས་པ་ནི་རྒྱ་ནག་གི་བོད་མི་རྩ་གཏོར་གཏོང་བའི་སྲིད་བྱུས་གཞན་ཞིག་ཆགས་ཡོད། རྒྱ་ནག་གིས་བོད་མིས་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་ངོ་བོ་སོགས་སྲུང་སྐྱོབ་བྱེད་པར་གདུག་རྩུབ་ཆེ་བའི་གཉའ་གནོན་བཏང་དང་གཏོང་མུས་ཡིན་ལ། རྒྱ་ནག་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པ་དེས་ད་ལྟ་ཁོ་ཚོས་བོད་ནང་ནད་འབུ་ཁྱབ་ཏུ་བཅུག་སྟེ། བོད་མིའི་ངོ་བོ་རྩ་གཏོར་གཏོང་ཐབས་བྱེད་བཞིན་ཡོད་པའི་གནས་སུ་བསླེབས་ཡོད། འགྲོ་བ་མིའི་བྱ་སྤྱོད་ལས་འདས་པའི་བྱེད་ཐབས་དེ་ང་ཚོས་བཟོད་སྒོམ་བྱེད་ཐབས་མི་འདུག ཅེས། བོད་ནང་གློ་བའི་འགོས་ནད་ཁྱབ་བརྡལ་དུ་མི་འགྲོ་བའི་ཐུགས་རེ་གནང་གི་ཡོད་སྐོར་དང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལྟ་ཞིབ་ནན་པོ་ཞིག་འཕྲལ་དུ་ལག་བསྟར་གནང་དགོས་པའི་འབོད་སྐུལ་ཞུས་འདུག

འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ ༢༢ ཉིན་གཞི་ནས་རྒྱ་ནག་གཞུང་ཕྱོགས་ནས་ཝུ་ཧན་གྱི་འགོས་ནད་དེར་གཟབ་ནན་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་བྱས་རྗེས། ཝུ་ཧན་ནས་རྒྱ་ནག་གི་ས་ཆ་གཞན་དུ་འཕུར་མཁན་གནམ་གྲུ་ཚང་མ་འཕུར་མཚམས་བཞག་ཡོད་ཀྱང་། ཕྱི་ཚེས་ ༢༣ ཉིན་ལའང་ཝུ་ཧན་ནས་ཁྲིན་ཏུའུ་བརྒྱུད་བོད་ལྷ་ས་དང་ཟི་ལིང་། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་འཕུར་བའི་འགྲུལ་སྤྱོད་གནམ་གྲུ་རྣམས་མུ་མཐུད་བཏང་སྟེ། ཝུ་ཧན་ནས་ལྷ་སར་གནམ་གྲུ་གཅིག་དང་། ཝུ་ཧན་ནས་ཟི་ལིང་གྲོང་ཁྱེར་དུ་གནམ་གྲུ་བཞི་བཏང་ཡོད་པ་གསལ་པོ་ཡིན་པ་དང་། དེ་བཞིན་ཝུ་ཧན་ནས་ཝུའུ་ཁྲང་བརྒྱུད་དེ་ལྷ་སར་ཡོང་བའི་མེ་འཁོར་ཀྱང་བཏང་ཡོད་པ་རེད།

གཞན་ཡང་། ཕྱི་ཚེས་ ༢༦ ཉིན་ཝུ་ཧན་བོད་རིགས་མཐོ་རིམ་སློབ་མའི་ལྷན་ཚོགས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཝུ་ཧན་གྱི་སློབ་ཆེན་ཁག་ ༢༢ ནང་སློབ་གཉེར་བྱེད་བཞིན་པའི་བོད་རིགས་མཐོ་རིམ་སློབ་མ་ ༡༩༠༠ ཙམ་ཕྱི་ཟླ་དང་པོའི་ཚེས་ ༡༧ ཉིན་བར་དུ་ཝུ་ཧན་ནས་ལྷ་སར་འབྱོར་ཡོད་པ་དང་། ལྷ་ས་གྲོང་ཁྱེར་ན་གཞོན་མཐུན་ཚོགས་ནས་བཏང་བའི་གནས་ཚུལ་བོད་ལ་ལོག་པའི་སློབ་མ་དེ་དག་ནང་ཆམ་པ་ཕོག་མཁན་ ༧ ལྷག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་ནག་གཞུང་ནས་ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་འགོས་ནད་ཅན་གྱི་ནད་པ་ ༡ དང་། བོད་རིགས་འདུས་སྡོད་ཀྱི་ཞིང་ཆེན་ཁག་ལས་སི་ཁྲོན་ཞིང་ཆེན་ཟེར་བའི་ནང་ནད་པ་ ༢༠༧ དང་མཚོ་སྔོན་ཞིང་ཆེན་དུ་འགོས་ནད་ཅན་ ༨ ། ཀན་སུའུ་ཞིང་ཆེན་ནང་ ༣༥། ཡུན་ནན་ཞིང་ཆེན་དུ་ ༨༣ བཅས་ཡོད་སྐོར་དང་།  བོད་རིགས་འདུས་སྡོད་ཤུགས་ཆེན་ཡོད་པའི་ཁུལ་རིམ་པའི་ནང་དཀར་མཛེས་སུ་འགོས་ནད་ཅན་ ༥ དང་། རྔ་བ་ཁུལ་འབར་ཁམས་ནང་ནད་པ་ ༡ བཅས་ཡོད་སྐོར་བསྒྲགས་ཡོད་ཀྱང་། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་ནས་བསྒྲགས་པའི་ནད་པའི་གྲངས་འབོར་དེ་ལས་ལྡབ་འགྱུར་གྱིས་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་ཝུ་ཧན་ནང་ཕྱི་ལོ་ ༢༠༡༩ ཟླ་ ༡༢ པའི་ཟླ་མཇུག་ཙམ་ནས་བཟུང་ཁུ་རོ་ནཱ་གློ་བའི་འགོས་ནད་ཁྱབ་ཡོད་པ་དང་། གསར་འགོད་པས་ས་གནས་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་པ་སོགས་ལ་སྐད་ཆ་དྲིས་པར་བརྟེན། ཝུ་ཧན་གྲོང་ཁྱེར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཕྱི་ཟླ་ ༡ ཚེས་ ༦ ཉིན་གྱི་དགོང་མོར་རྒྱ་ནག་དབུས་བརྙན་འཕྲིན་ཁང་ནས་ཝུ་ཧན་ནང་འགོས་ནད་ཁྱབ་པའི་གནས་ཚུལ་རྫུན་བསྒྲགས་བྱས་ཏེ། མི་བརྒྱད་འཛིན་བཟུང་བྱས་ནས་ཁྲིམས་ལྟར་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། འགོས་ནད་ཁྱབ་པའི་གནས་ཚུལ་རྫུན་མ་སྤེལ་ན་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པའི་བཀའ་རྒྱ་བསྒྲགས་ཡོད་པ་རེད།

ཕྱི་ཟླ་དང་པོའི་ཚེས་ ༧ ཉིན་རྒྱ་ནག་གཞུང་ཕྱོགས་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ན་ཚ་དེ་འགོས་ནད་ཅིག་ཡིན་པའི་སྤྱི་བསྡོམས་སྙན་ཞུ་ཕུལ་ཡོད་ཀྱང་། རྒྱ་ནག་ནང་ལོགས་སུ་ཝུ་ཧན་གྱི་ན་ཚ་དེ་འགོས་ནད་ཅིག་ཡིན་པ་དང་། དེ་འགོས་ཁྱབ་ཏུ་འགྲོ་ཡི་ཡོད་པར་མི་མང་གིས་ཡིད་གཟབ་དགོས་སྐོར་གཞུང་འབྲེལ་ཡོངས་ཁྱབ་གསལ་བསྒྲགས་དེ་ཕྱི་ཟླ་དང་པོའི་ཚེས་ ༢༢ ཉིན་བར་དུ་སྤེལ་མེད་པ་དང་། ཝུ་ཧན་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཀྲུའུ་ཤན་ཝང་གིས་ན་ཚ་དེས་མིའི་ཚེ་སྲོག་ལ་གནོད་སྐྱོན་བཟོ་ཡི་ཡོད་པ་ཤེས་རྟོགས་བྱུང་ཡང་། ས་གནས་སྲིད་གཞུང་ཞིག་ཡིན་པའི་ཆ་ནས་འགོས་ནད་རིགས་ཕྱིར་བསྒྲགས་བྱེད་པར་གོང་རིམ་གྱི་བཀའ་འཁྲོལ་དགོས་སྐོར་བརྗོད་དེ། གོང་རིམ་ནས་འགོས་ནད་ཡིན་པ་མི་མང་ནང་ཕྱིར་བསྒྲགས་བྱེད་དུ་བཅུག་མེད་པ་གསལ་བཤད་བྱས་ཡོད་པ་རེད།

རྒྱ་ནག་གི་འགོས་ནད་འགོག་སྲུང་གི་བཅའ་ཁྲིམས་དོན་ཚན་ ༦༥ དང་། ༤༠༩ པའི་ནང་། འགོས་ནད་རིགས་བྱུང་ཡང་སྦེད་གསང་བྱས་ཏེ་གོང་རིམ་ལ་མ་བཤད་ན་ཁྲིམས་ཆད་ཡོད་པ་དང་། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་མི་སྣས་ལས་འགན་འཐུས་ཤོར་བཏང་བའི་དབང་གིས་འགོས་ནད་ཁྱབ་བརྡལ་དུ་ཕྱིན་ན། མི་དེ་ལ་ལོ་གསུམ་མན་གྱི་བཙོན་འཇུག་དང་ཡང་ན་བཀག་བཀོལ་གྱི་བཙོན་ཆད་གཅོད་དགོས་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༠༡

Leave a Reply