ཏོག་དབྱིབས་ནད་དུག་ལས་འཕྲོས་པའི་གཏམ།

རྔ་བ་རྒྱལ་ཁམས་པ།

གཅིག  ནད་དུག་འདི་ཉིད་ཀྱི་ལོ་རྒྱུས།

ཏོག་དབྱིབས་ནད་དུག་འདི་དུག་སྲིན་ཕྲ་ཕུང་གི་རྒྱུད་པ་གཅིག་ལས་མཆེད་པའི་ནད་དུག་ཅིག་རེད། ནད་སྲིན་དེའི་ཁྱིམ་ཕུག་ནི་ཀོ་རོ་ན་དུག་ཅན་ཁྱིམ་རྒྱུད་ཡིན་པ་དང་།  ལོ་རྒྱུས་ཐོག་དུག་ཁྱིམ་དེ་ལས་འཛམ་གླིང་འདིར་ཡོངས་སུ་གྲགས་པའི་ནད་དུགEbola ཞེས་པ། སྤྱི་ལོ༡༩༧༦ལོར་དབུས་ཨ་ཧྥི་རུ་ཁའི་རྒྱལ་ཁབ་ཁང་སྒོ་ནས་རྩ་བ་ཚུགས་ཏེ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་བོའི་ནང་མཆེད་ནས་ད་ལྟའང་གཙང་སེལ་མ་ཐུབ་པའི་དཀའ་ངལ་འབྱུང་གིན་ཡོད། ནད་དུག་དེ་མི་གྲངས་༢༨༦༡༦ལ་ཕོག་ཡོད་ཅིང་། རྐྱེན་ལམ་སོང་བའི་གྲངས་འབོར་ནི་མི་གྲངས་༡༡༣༡༠རེད། དེ་བཞིན༢༠༠༢-༢༠༠༣བར་བྱུང་བའི་སར་སིSarsཞེས་པའི་ནད་ཡམས་དེ་མི་གྲངས༨༠༩༨ལ་ཕོག་ཡོད་པ་དང་། དེ་ལས་མི༧༧༤འདས་གྲོངས་སུ་གྱུར། དེ་རྗེས༢༠༡༢ལོར་བྱུང་བའི་Mersཞེས་པའི་ནད་ཀྱིས་མི་གྲངས༢༤༩༤ན་ཡོད་པ་དང་། དེ་ལས་མི་གྲངས༨༥༨རྐྱེན་ལམ་དུ་ཕྱིན་ཡོད། ད་ལྟའི་ཏོག་དབྱིབས་ནད་དུག་དེ་མགོ་ཚུགས་ནས་ད་བར་མི་གྲངས༩༥༠༠ལྷག་ལ་ནད་ཕོག་ཡོད་པ་དང་། དེ་ལས་རྐྱེན་ལམ་སོང་བ་ནི༢༡༣ཡིན་པར་བཤད་ཅིང་། ད་དུང་ནད་པའི་གྲངས་དང་འཆི་བའི་གྲངས་འབོར་ཅི་འདྲ་ཞིག་ཏུ་འཕར་ཆག་འགྲོ་མིན་ཚོད་དཔག་མི་ཐུབ་པའི་གནས་རེད། དེའི་གྲངས་ཀའི་སྟེང་ནས་བལྟས་ན་ཏོག་དབྱིབས་ནད་དུག་གིས་འཆི་ཚད་བརྒྱ་ཆའི་གྲངས་འབོར༤ཙམ་ཡིན་པ་དང་། རྩིས་གྲངས་དེ་གོང་གི་ཨེ་བྷོ་ལ་བརྒྱ་ཆ༥༠། མར་སི་བརྒྱ་ཆ༣༥དང་། སར་སི་བརྒྱ་ཆ༡༡དང་བསྡུར་ན་དེ་ཙམ་གྱིས་གྲངས་འབོར་ཆེན་པོ་ཞིག་མིན་ཡང་། ད་དུང་མི་གྲངས་ཅི་ཙམ་ཞིག་འཆི་ངེས་ཡིན་མིན་ཚོད་དཔག་གསལ་བོ་ཞིག་བྱེད་ཁག་པོ་ཡིན་པར་བཤད། སྤྱིར་བཏང་ལོ་རེའི་རིམས་ཆམ་མཆེད་སྐབས་ཀྱི་དུས་ཚིགས་ནང་འཛམ་གླིང་ཡུལ་ཁམས་སོ་སོ་ནས་མི་གྲངས་ཁྲི༥༠ཡས་མས་རྐྱེན་ལམ་དུ་འགྲོ་བཞིན་ཡོད་ནའང་།  ཏོག་དབྱིབས་ནད་དུག་འདི་གསར་བ་ཞིག་ཡིན་པ་དང་། ནད་དུག་དེ་གཞན་ལ་འགོ་སླ་ཞིང་། འགོས་ཡོད་ཀྱང་མྱུར་དུ་ཚོར་དཀའ་བས་གནས་ཚུལ་ཛ་དྲག་ཀྱི་ངོ་བོར་གྱུར་པ་ཞིག་ཡིན་ཟེར།  ཁུངས་ལྡན་གནས་ཚུལ་ལྟར་ན་ཧོ་པེ་ཞིང་ཆེན་གྱི་འགྲིམ་འགྲུམ་སྒོ་མ་བརྒྱབ་པའི་སྔ་རོལ་གྱི་ཉིན་ཤས་རིང་མི་གྲངས་ས་ཡ་ལྔ་ཕྱི་ལ་ཐོན་ཚར་ཡོད་པས་མི་དེ་དག་དང་དེ་དག་དང་འབྲེལ་ལམ་ཡོད་པའི་ནང་མི་སོགས་ངོས་འཛིན་སླའང་། མི་དེ་དག་དང་དམིགས་བསལ་འབྲེལ་ལམ་མེད་ཀྱང་། འགྲུལ་ལམ་གཅིག་ཏུ་བརྒྱུད་མྱོང་བའི་མི་རྣམས་སུ་དང་སུ་ཡིན་ངོས་འཛིན་དཀའ་བ་དང་། ནད་འགོས་ཡོད་ཀྱང་ནད་རྟགས་རྐྱེན་པོའི་ངང་ཚོར་མི་ཐུབ་པ་ནི་ནད་དུག་དེ་ས་ཕྱོགས་ངེས་མེད་དུ་དར་ཁྱབ་ཏུ་འགྲོ་སྲིད་པའི་སེམས་ཁྲལ་དང་དཀའ་ངལ་ཆེ་ཤོས་ཤིག་ཡིན་འདུག

གོང་དུ་ཞུས་པ་ལྟར་འདས་པའི་ལོ་རབས་ནང་བྱུང་བའི་ནད་དུག་ཚབས་ཆེན་Ebola ཞེས་པ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁང་སྒོ་ལས་བྱ་མ་བྱེའུམ་ཕ་ཝང་དང་། སྤྲ་སྤྲེའུ། ཡང་ན་མི་རྒོད་སོགས་བརྒྱུད་ནས་བྱུང་ཡོད་པ་དང་། Mers ཞེས་པའི་ནད་དུག་ཨ་རབ་ནས་རྔ་མོང་བརྒྱུད་མི་ལ་འགོས་ཡོད་པ་དང། Sars ཞེས་པ་རྒྱ་ནག་ནས་གཅན་ཟན་རི་དྭགས་དང་།  2019 nCov ཏོག་དབྱིབས་ནད་དུག་འདིའང་རྒྱ་ནག་ནས་ཕ་ཝང་ལྟ་བུའི་སྐམ་སར་གནས་པའི་གཤོག་ལྡན་གྱི་སྲོག་ཆགས་ཤིག་གམ། ཡང་ན་མཚོ་གནས་ཀྱི་སྲོག་ཆགས་རིགས་ལས་བྱུང་ཡོད་པར་བཤད། སྤྱིར་བཏང་སྣོད་བཅུད་སྐྱེ་འཕེལ་གྱི་བརྒྱུད་རིམ་ནངའགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་བཀོལ་སྤྱོད་བྱས་པའི་ཉམས་མྱོང་ལས། སྲོག་ལྡན་དང་སྲོག་ལྡན་མ་ཡིན་པའི་སྐྱེ་དངོས་གང་ཞིག་བཟའ་བར་རུང་མིན་གྱི་རྣམ་དབྱེ་གསལ་བོར་བརྒལ་ཡོད་པ་མིའི་རིགས་ཀྱི་སྲོལ་རྒྱུན་བཟའ་བཏུང་གི་རྒྱུན་ཤེས་ལ་འདང་བརྒྱབས་ནའང་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན། དེ་ལྟ་ནའང་སྲོག་ཆགས་དུད་འགྲོ་གང་འདྲ་ཞིག་ཡིན་མིན་དང་། བཟའ་བྱར་རུང་མིན་ལ་མ་ལྟོས་པར་ཡོད་ཚད་ཟ་ལོབ་འཐུང་ལོབ་ལ་གོམས་པའི་གཤིས་ཀ་དང་།  དེ་ལས་ཀྱང་སྲོག་ལྡན་གསོན་ཟ་བྱེད་པ། མ་ཚོས་པར་ཟ་བ། བཅུད་རྫས་ཁྱད་པར་ཅན་ཡོད་སྙམ་མ་བརྟག་པར་འདོད་རྔམ་གྱིས་ཟ་བ་སོགས་ནི་ནད་རིགས་ཀྱི་གོད་ཆག་འདི་འདྲ་འབོད་པའི་སྣ་འདྲེན་རང་ཡིན་པར་བཤད།

གཉིས། བསླབ་བྱ་ཁག་གཉིས།

ནད་ཡམས་འདི་དག་ལས་རང་རེ་ལ་བསླབ་པར་བྱ་བའི་མན་ངག་གསོན་པོ་ཞིག་བསྟན་ཡོད་པ་ནི། “དགག་བྱ་དང་བསྒྲུབ་བྱ”ཞེས་པའི་བླང་དོར་གྱི་གནད་འདི་གཉིས་ལག་ལེན་དུ་བསྟར་དགོས་པ་དེ་རེད།  དེ་ལས་དགག་བྱ་ནི།  དེང་སྐབས་འགྲིམ་འགྲུལ་གྱི་ལམ་ཁ་ཇེ་བདེ་དང་། ཚན་འཕྲུལ་གྱི་མཐུན་རྐྱེན་ཇེ་ལེགས་སོང་ནས་བོད་མི་རྣམས་ཀྱང་འགྲོ་བ་མིའི་ཁྱིམ་ཚང་ཆེན་པོ་འདིའི་གྲུ་ག་སོ་སོ་ན་རང་སྣང་གང་དྲན་གྱིས་བདེ་སྡུག་གི་འཚོ་བར་རོལ་གྱིན་ཡོད། ལྷག་པར་དུ་ཡུལ་དུས་ཀྱི་འཕོ་འགྱུར་ལ་བརྟེན་ནས་ང་ཚོ་གྲངས་ཉུང་མི་རིགས་ཤིག་ཡིན་ནའང་། རྒྱ་གར་ནག་གཙོ་བོར་གྱུར་པའི་འཛམ་གླིང་ཤར་ནུབ་ཀྱི་ཡུལ་ཁམས་སོ་སོར་ཁ་འཐོར་དུ་འགྲོ་བཞིན་གནས་ཡོད། ཁ་འཐོར་འགྲོ་བ་དེ་ཡག་པོ་ཞིག་མ་ཡིན་ཡང་། ཁ་འཐོར་གྱི་དུས་ཚོད་བརྒྱུད་ནས་ཕྱིའི་ལེགས་ཚོགས་ནང་དུ་འདྲེན་པ་དང་། ནང་གི་དགེ་མཚན་ཕྱི་ལ་སྟོན་པའི་གོ་སྐབས་ཀྱང་མང་བོ་ཡོང་གི་ཡོད་པ་རེད། ཡིན་ནའང་ཕྱིའི་དགེ་མཚན་ནང་དུ་འདྲེན་སྐབས། “གཡམ་རྒྱུག་མ་བྱེད”ཟེར་གི་ཡོད། གཡམ་རྒྱུག་མ་བྱེད་ཟེར་ན་བརྟག་དཔྱད་མེད་པར་གཞན་གྱི་རྗེས་སུ་མ་རྒྱུག་ཅེས་པའི་དོན་རེད། མགོ་ནག་བོད་ཀྱི་ཁྱིམ་ཟས་ནི་མར་ཕྱུར་དང་། ཞོ་འོ་མ། ནས་རྩམ། ཟོག་ལུག་གི་ཤ་དེ་ཚོ་གཙོ་བོ་རེད། དེང་སང་བོད་ཡུལ་ན་བོད་ཟས་ཀྱི་ཚབ་ཏུ་རྒྱ་ཟས་འབུ་སྲིན་སྣ་ཚོགས་ཟ་བའི་སྲོལ་མི་ལེགས་པ་ཞིག་དར་ཡོང་གི་ཡོད། དེ་བཞིན་ཧོ་གོ(རྫ་ཀོག)ཞེས་པ་བྲོ་རྫས་ངོས་ཟིན་མ་ཟིན་མང་བོ་བསྲེས་པའི་བཟའ་བཏུང་གི་རིགས་དེའང་དར་ཡོང་གི་ཡོད་ས་རེད། གོ་ཐོས་ཤིག་ལ་རྒྱ་ཁོག་དང་རྒྱ་རིགས་གནས་ཡུལ་ཕྱི་རྒྱལ་གྱི་ཡུལ་གྲུར་རྒྱལ་བསྟན་འཛིན་སྐྱོང་གི་མཛད་པ་སྐྱོང་མཁན་བླ་སྤྲུལ་དགེ་བཤེས་དང་། མཁན་པོ་འགའ་རེའི་གྲས་སུའང་རྒྱ་ལུགས་ཀྱི་འབུ་སྲིན་ཟ་བའི་སྲོལ་ཀ་དེ་དར་ཡོང་གི་ཡོད་པ་རེད་ཟེར། དེ་བདེན་པ་ཞིག་ཡིན་མིན་གསལ་བོར་མ་ཤེས། གལ་སྲིད་དེ་བདེན་པ་ཞིག་ཡིན་པའི་དབང་དུ་བཏང་ན། དེ་ནི་ཤིན་ཏུ་མ་རུང་བའི་མིག་ལྟོས་ངན་པ་ཞིག་སྟེ།  བོད་ “རྩམ་ཟན”ཟེར་བ་ལས་བོད “འབུ་ཟན”ཞེས་མི་འབོད་པ་ནི། བོད་ཆོས་ལྡན་ཞིང་གི་ལྷན་སྐྱེས་ཀྱི་དཔལ་ཡོན་རྨད་དུ་བྱུང་བ་ཞིག་ཡིན་པར་ངོས་ཟིན་དགོས་པ་རེད། ང་ཚོས་འབུ་སྲིན་ལོངས་སུ་སྤྱོད་པའི་འཚོ་བ་སྔར་བསྐྱལ་མ་མྱོང་ལ་མ་འོངས་པར་ཡང་བསྐྱལ་མི་དགོས་པའི་སྨོན་ལམ་འདེབས་འོས། དེར་བརྟེན། རྒྱ་ལུགས་བཟའ་བཏུང་གི་སྲོལ་ངན་པ་དེ་ཚོ་ནང་དུ་འདྲེན་མ་ཡོང་རོགས། དེ་འགོག་ཐབས་ལ་ཐུགས་སྣང་གནང་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་། གཞན་དུ་ན་ང་ཚོ་སྦྲང་དཀར་རྩམ་པའི་དོད་དུ་འབུ་སྲིན་ཟ་བ་དང་། འོ་ཇ་མངར་མོའི་དོད་དུ་ཆང་རག་འཐུང་བ། ཟོག་ཤ་ལུག་ཤའི་ཚབ་ཏུ་རྫས་རིགས་སྣ་ཚོགས་འདྲེས་པའི་རྫ་ཀོག་ལྟ་བུ་བོད་པའི་རྒྱུན་ཟས་སུ་འགྱུར་སོང་ན་མ་བཟང་བ་རེད། ད་ལྟ་མགོ་ཚུགས་ཙམ་རེད་རིམ་པས་སྲོག་ཆགས་གསོན་ཟ་དང་། གསོན་སྲེག་བྱེད་པ། ཟོས་ན་ཁ་ལ་ཞིམ་ཀྱང་རྒྱུན་རིང་བསྟེན་ན་ལུས་ལ་གནོད་ཚབས་ཆེ་བའི་རྒྱུན་ཉར་རུལ་སུངས་འགོག་པའི་རྫས་སྦྱོར་ཅན་གྱི་བཟའ་བཏུང་སོགས། ལུས་ལ་གནོད་པའི་ཟས་ངན་པ། སེམས་ལ་གནོད་པའི་ལྟ་བ་ངན་པ། ངག་ལ་གནོད་པའི་སྐད་ཡིག་ངན་པ་འདི་དག  ཏོག་དབྱིབས་ནད་དུག་ཙམ་དུ་མ་ཟད། ཡོད་ཚད་ནས་ཡོད་ཚད་འཇིག་པའི་འཕྲང་ལམ་དུ་འདེད་པའི་སྔ་ལྟས་ཡིན་པས། འགོ་བའི་ནད་དང་། གསོད་པའི་དུག་བཞིན་འཛེམ་ཟོན་བྱེད་དགོས་པར་སྣང་།  དེའི་ཕྱིར་ན་གཞན་གྱི་གཡམ་ལ་རྒྱུག་མི་རུང་བའི་གོ་ཤེས་དང་། རང་ཉིད་སུ་ཡིན་ངོས་ཟིན་པའི་དཔྱོད་ཤེས། འཚོ་ཐབས་ཀྱི་ཁ་ཕྱོགས་གཞན་ལུགས་སུ་འགྱུར་ཐལ་མི་རུང་བའི་འདུ་ཤེས་གསུམ་ནི།  སྐབས་འདིའི་གཞན་གྱི་གཡམ་ལ་རྒྱུག་མི་རུང་ཟེར་བའི་དགག་ཕྱོགས་ཀྱི་འཕྲོད་བསྟེན་དེ་ཡིན་ཟེར་འདོད་པ་ཡིན།

དེ་ནས་དོན་དག་གཉིས་པ་དེར”བསྒྲུབ་བྱ”ཟེར་གི་ཡོད། སྤྱིར་བཏང་གི་ཆ་ནས་བཤད་ན་འགྲོ་བ་མིའི་རིགས་ཀྱི་གཟུགས་པོ་རང་ཉིད་ཀྱི་ནང་དུ་ནད་རིགས་སྔོན་འགོག་གི་ནུས་པ་ཆ་ཚང་ལྷན་སྐྱེས་སུ་ཡོད་པ་རེད། འུ་ཚོས་བཟའ་བཏུང་ཅི་ཞིག་བྱས་ཀྱང་། དོན་ལྔ་སྣོད་དྲུག་སོགས་ནང་གཟུགས་པོའི་འཕྲུལ་འཁོར་ལ་བརྟེན་ནས་ཁྲག་དགོས་སར་ཁྲག ཆུ་དགོས་སར་ཆུ། སྣུམ་དགོས་སར་སྣུམ། རླུང་དགོས་སར་རླུང་། དྲོད་དགོས་སར་བབ་དང་བསྟུན་ནས་ལུས་ཀྱི་ཆ་སོ་སོར་འགྲེམ་གྱིན་ཡོད་པ་རེད། དེ་ལས་རྩ་རླུང་ཐིག་ལེའི་འཁོར་བསྐྱོད་ལེགས་ལམ་དུ་ཕྱིན་ནས་ལུས་སེམས་སྐྱིད་པོ་ཡོང་གི་ཡོད། ལུས་ལ་རང་བཞིན་གྱིས་ཡོད་པའི་ནུས་པ་དེ་གསོ་བ་ལ་འཕྲོད་བསྟེན་ཡག་པོ་ཡོད་དགོས། འཕྲོད་བསྟེན་ཡག་པོ་ཡོད་ན་ལུས་ཀྱི་ནང་ལོགས་གི་འབྱུང་ཁམས་སྙོམ་ཞིང་ནད་འབུའི་རིགས་མཐའ་དག་གི་མགོ་གནོད་ལ། ལུས་ཀྱི་ཕྱི་ལོགས་ནས་ཡོང་བའི་ཆམ་ནད་སོགས་ནད་རིགས་མང་བོའི་སྒོ་འགོག་པའི་ཕན་ཡོན་ཡོད་པ་རེད། སྤྱིར་བཏང་གི་ཆ་ནས་ང་ཚོ་ནི་རང་བྱུང་ཁམས་ཆེན་པོའི་ནང་གི་ཆ་ཤས་སུ་གྱུར་པའི་སྲོག་ལྡན་གྱི་རིགས་ཤིག་ཡིན་དུས། རང་བྱུང་ཁམས་ན་ཡོད་པའི་དངོས་བོ་ཕལ་ཆེར་གྱི་ཆ་ཤས་རེ་རང་ལུས་ན་ཡོད་ཅེས་ཟེར་གི་ཡོད་པ་རེད། དེ་ཚོ་རང་ལ་དགོས་ངེས་ཤིག་ཡིན་པ་རེད། ཡིན་ནའང་མང་དྲགས་ན་ནད་དུ་འགྱུར་གྱི་ཡོད་པ། སྣུམ་གྱི་ཆ་མང་དྲགས་ན་ཁྲག་སྣུར་བོར་གྱུར་ནས་རྩ་ལམ་འགག མངར་ཆ་མང་དྲགས་ན་གཅིན་སྙིའི་ནད། དྲོད་ཆ་དམའ་ཞིང་གྲང་བའི་ཆ་མཐོ་དྲགས་ན་ལུས་པོ་གསོ་བའི་ནུས་ཤུགས་ཉམས་པའི་དཀའ་ངལ་འབྱུང་གི་ཡོད། དཀའ་ངལ་དེ་དག་ཟས་ཀྱི་འཕྲོད་བསྟེན་ཡག་པོ་བསྟེན་ཤེས་མིན་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད། རྫས་སྐྱེས་མ་ཡིན་པའི་སྔོ་ཚལ་རིགས་དང་། སྣུམ་ཞག་ཉུང་བའི་ཁ་ཟས། ཚིལ་མེད་པའི་ཤ  ལྒ་སྐྱ་དང་ལྒ་སྨུག་གི་ཁུ་བ་དྲོན་མོ། ཆུ་དྲོན་རྒྱུན་དུ་འཐུང་བ།  ཞོ་འོ་མར་ཕྱུར་སོགས་བཅུད་ལྡན་གྱི་བཟའ་བཏུང་རན་ཙམ། ཤིང་འབྲས་དང་ཤིང་ཏོག་རིགས་ཟ་བ་སོགས། མདོར་ན། རྒྱུན་ལྡན་དཀར་ཟས་མང་ཙམ་དང་དམར་ཟས་ཉུང་ཙམ་བསྟེན་ཐུབ་ན་ཡག་པོ་ཡོད་པར་བཤད། མངར་ཆ་ནི་གྲང་མོའི་རིགས་སུ་གཏོགས་པས་སྐབས་ལ་ལར་མ་གཏོགས་རྒྱུན་དུ་མ་བསྟེན་ན་བཟང་། རྒྱ་ལུགས་ལྟར་གཡོ་སྣོད་གཅིག་གི་ནང་མི་ཚང་མས་ཁ་ལག་གི་དྲི་མ་འགོས་པའི་ཟ་ཐུར་རམ་ཁེམ་བུ་སྤྱད་ནས་ཟས་མཉམ་སྤྱོད་བྱེད་པ། ཁ་ཕོར་མི་གཙང་བའི་ནང་འཐུང་བ། ཁ་ཕོར་གཅིག་མཉམ་སྤྱོད་བྱེད་པ། འཁྱགས་སྒམ་དུ་ཉར་དགོས་ངེས་མ་བྱུང་བའི་ཟས་རྙིང་ཟ་བ། ཤ་རུལ་དང་འབུ་སྲིན་ཞུགས་པའི་ཤ་ཟ་བ། ཚི་དྲེག་མ་བཀྲུས་པའི་གོས་མཉམ་སྤྱོད་བྱེད་པ།  ཁ་ལུད་སྣབས་ལུད་གང་བྱུང་དུ་ཐང་ལ་གཡུག་པ། གློ་རྒྱག་གཏོང་སྐབས་ཁ་སྣ་མི་འགེབ་པ།  ཁ་ངོ་དང་རྐང་ལག་གཙང་མར་མི་བཀྲུ་བ། བྱི་བ་སོགས་སྲོག་ཆགས་གཞན་གྱི་ཟོས་རྗེས་དང་ཟག་པ་འཐོར་བའི་བཟའ་བཏུང་ལ་ཅི་མ་སྙམ་པའམ་གོ་མེད་ཚོར་མེད་ཀྱི་ངང་ཟ་བ།  མར་རྩམ་རྙིང་བ་ཟ་བ། ལག་པ་མི་གཙང་བས་འོ་མ་འཇོ་ཞིང་མར་ལེན་པ་སོགས་ཀྱི་གོམས་གཤིས་དེ་ཚོ་སྤང་དགོས་པ་རེད། གནའ་དུས་དང་མི་འདྲ་བར་དེང་སྐབས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་སའི་གོ་ལའི་སྐྱེ་ཁམས་འཁོར་ཡུག་ལ་འཕོ་འགྱུར་དང་འབག་བཙོག་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་དང་། འགྲིམ་འགྲུལ་གྱི་མཐུན་རྐྱེན་ལས་སྔར་བོད་དུ་ཡོང་མ་མྱོང་བའི་ཕྱི་མི་མང་བོ་བོད་ཡུལ་དུ་སླེབས་ཀྱིན་ཡོད་པས། སྤྱིར་བཏང་གྲང་ངར་ཁྲོད་འཚོ་མི་ཐུབ་པའི་ནད་སྲིན་ཕྲ་མོའི་རིགས་ཀྱང་མཐོ་སྒང་དུ་སླེབས་བཞིན་ཡོད།  དེར་བརྟེན་དུས་བསྟུན་གྱི་འཕྲོད་བསྟེན་རྒྱུན་ཤེས་ལ་དོ་སྣང་བྱ་རྒྱུ་དེ་མེད་ཐབས་མེད་པའི་འཚོ་ལམ་ཞིག་ཡིན། དེ་ནས་ལུས་རྩལ་གྱི་ཆ་ནས་ཉེན་ཁ་ཅན་མ་ཡིན་པའི་ལུས་རྩལ་གང་ཞིག་སྦྱང་རུང་ལུས་ལ་ཕན་པར་འདོད། བོད་ནི་གླུ་གར་གྱི་རྒྱ་མཚོ་ཆེན་པོ་ཞིག་རེད་ཅེས་ཤོད་སྲོལ་ཡོད་པ་ལྟར།  རི་མཐོ་ས་གཙང་གི་གངས་ཁྲོད་ནག་ཁྲོད་ནས་སྣང་བ་གོང་མའི་འཇིག་རྟེན་གྱི་གླུ་གར་རོལ་མོར་འབྱམས་སུ་ཀླས་པའི་བོད་པའི་རྣལ་འབྱོར་བ་མང་བོ་བྱོན་མྱོང་ལ། མངའ་རིས་སྒྲ་སྙན་གྱི་འགྱུར་ཁུགས་དང་བསྡེབས་ནས་ནང་མའི་སྟོད་གཞས་ཀྱི་སྟངས་སྟབས་བསྒྱུར་བ་དང་།  སྒྲ་སྙན་རྡུང་ལེན། སྒོར་བྲོ། མཐོ་སྒང་གི་མཚར་སྡུག་དབྱངས་སུ་བསྟིམས་པའི་མགྲིན་གླུ་སྙན་མོ་དག་ནི་ང་ཚོ་སྐྱིད་ན་སྐྱིད་གྲོགས་དད་སྡུག་ན་སྡུག་གྲོགས་ཀྱི་བདེ་ཐང་འཕྲོད་བསྟེན་དུ་དུས་ནམ་ཡང་རྒྱུན་འཛིན་བྱ་རིགས།  དབྱུགས་གཏོང་ལེན་གྱི་སྦྱོང་བརྡར་བྱེད་པ། ལུས་རྩལ་དང་། ཆུ་རྐྱལ། གོམ་པ་རྒྱུག་པ། བང་རྒྱུག  ཡོ་གའི་ལུས་སེམས་ཀྱི་སྦྱོང་བརྡར་སོགས། མདོར་ན་ལུས་པོ་དུས་རྒྱུན་དུ་འགུལ་བསྐྱོད་ཀྱིས་གཟུགས་པོ་ཐང་ཐང་གི་ཐབས་ལ་འབད་དགོས། དེ་བཞིན་ནད་མང་བོ་ཞིག་རང་སེམས་རྣམ་རྟོག་ངན་པས་བསྐྱེད་ཀྱི་ཡོད་པར་གསུང་གི་ཡོད། སེམས་མ་བདེ་ན་ལུས་པོ་ཐང་ཐང་ཡིན་པ་གཅིག་པུས་མི་ཕན། ལུས་སེམས་གཉིས་གཅིག་ལ་གཅིག་རྟེན་གྱི་སྣང་ཚུལ་ཞིག་ཡོད་པ་ཡིན་དུས། དུས་རྒྱུན་དུ་སེམས་ཁམས་ཀུ་ཡངས་མོ་བྱ་རྒྱུར་སྦྱོང་བརྡར་བྱ་རྒྱུ་དེ་གལ་ཆེན་པོ་རེད། སེམས་ཞེས་པ་འདི་གུ་ཡངས་མོ་བྱས་ན་ནམ་མཁའ་ལྟ་བུ་དང་། གུ་དོག་མོ་བྱས་ན་ཁབ་མིག་ལྟ་བུ་ཡིན་པ་སེམས་ནང་དུ་བཀུག་སྟེ་བསམ་བློ་བཏང་ན་མྱོང་བས་ཚོར་ཐུབ།  ཉེ་རིང་ཆགས་སྡང་གི་བསམ་བློ་འདི་མ་དོར་བར་དུ་སེམས་ཀྱི་དཀའ་ངལ་མང་བོ་ཞིག་སེལ་ཐབས་མེད། དེ་ལ་གདོང་ལེན་བྱེད་ཐབས་གནའ་དེང་གི་ཤེས་རིག་མང་བོ་ཞིག་ཡོད་སྲིད་ཀྱང་། སངས་རྒྱས་ཆོས་ལུགས་ཀྱི་ལས་འབྲས་དང་། རྒྱུ་དང་འབྲས་བུའི་འཇུག་ལྡོག མི་རྟག་པའི་ཆོས་ཉིད། རྟེན་འབྲེལ། རྣམ་རྟོག་རང་སར་གྲོལ་ཐབས་ཀྱི་སྒོམ་རྒྱག་པ་ལྟ་བུ་ནི་སྡུག་བསྔལ་ལ་གདོང་ལེན་བྱེད་པའི་ཐབས་ལམ་བཟང་ཤོས་ཤིག་ཡིན་ཞེས་སྨྲས་ཀྱང་རྫུན་དུ་མི་འགྲོ།  མཐུན་རྐྱེན་དེ་ནི་ང་ཚོ་ལ་ཆ་ཚང་ཡོད་བསྡད་པ་ཞིག་རེད།

གསུམ།  གཟོབ་དགོས་པའི་དྲྭ་ལམ་གྱི་གནས་ཚུལ།

དེང་སང་ཆ་འཕྲིན་དང་དྲྭ་རྒྱའི་དུས་རབས་ཀྱི་མཐུན་འགྱུར་ཁྲོད། བཤད་རྒྱུ་ཡོད་ས་ཚོས་ཅིག་བཤད་ཀྱིན་ཡོད། བཤད་རྒྱུ་མེད་ས་ཚོས་ཀྱང་ཨུ་ཚུགས་བརྒྱབ་ནས་ཅིག་ཤོད་བཞིན་འདུག གནས་ཚུལ་དེ་དག་ལྷག་བསམ་བཟང་བོ་ཞིག་གི་ཐོག་ནས་ཤོད་ཀྱིན་ཡོད་སྲིད་ཀྱང་། ཁུངས་ཡོད་མེད་དང་བདེན་རྫུན་མ་བརྟགས་པའི་སྐད་ཆ་སྣ་ཚོགས དྲྭ་ལམ་ཁག་ན་ཁ་ཆར་བུ་ཡུག་འཚུབ་པ་ལྟ་བུ་རེད། ཧ་གོ་མཁན་གྱི་ཤེས་ལྡན་མི་སྣ་དག་ལ་མགོ་འཁྲུལ་མི་ཡོང་ནའང་། ང་དང་ང་ལྟ་བུ་སྐད་ཡིག་དང་རིག་གཞུང་། འཕྲོད་བསྟེན་གྱི་ཤེས་ཚད་དམན་པ་དག་ནི་གོ་ལོག་ཏུ་འགྲོ་སྲིད་པ་ཞིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་དྲྭ་ངོས་ཀྱི་གཏམ་ཡན་ལ་མགོ་འཁོར་ནས་ཆུ་ཚོད་འཕྲོ་བརླག་ཏུ་མི་གཏོང་རོགས་ཞུ་རྒྱུ་ཡིན། ཛ་དྲག་གི་གནས་སྟངས་འདིའི་སྐོར་གསལ་བོར་ཤེས་རྟོགས་ཨེ་ཐུབ་འདོད་ན།  གཅིག་ནས་རྒྱལ་ཁབ་རང་གི་འཕྲོད་བསྟེན་ལྷན་ཁང་གི་དྲྭ་ངོས་དང་། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་དྲྭ་བ། ཨ་རིའི་ནད་རིགས་སྟངས་འཛིན་སྔོན་འགོག་ལྟེ་བ། བོད་རང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཁག སྨན་རྩིས་དྲྭ་བ། ཆེད་ལས་མི་སྣ་དང་། གནའ་དེང་ཡོན་ཏན་གཉིས་ལྡན་གྱི་མི་ཤེས་ཡོན་ཅན་ཚོའི་སྐད་ཆ་ལ་ཉན་ན་གནས་ཚུལ་གྱི་ཁ་ཕྱོགས་གསལ་བོར་ཧ་གོ་སྲིད་པ་རེད། སྟོང་བཤད་དང་ཧམ་བཤད་ལ་མ་ཉན་རོགས།

གཞི།  རྒྱལ་སྤྱིའི་དཔལ་འབྱོར།

ད་ལྟའི་སྐབས་དཔལ་འབྱོར་གྱོང་གུད་ཆེ་ཤོས་རྒྱ་ནག་དང་འབྲེལ་ལམ་ཡོད་པའི་རྒྱལ་ཕྱི་ནང་གི་འགྲིམ་འགྲུལ་ལས་ཁང་ཁག གནམ་གྲུ་དང་། མཚོ་གྲུ། རླངས་འཁོར། བཟོ་གྲྭ། རྡོ་སྣུམ་བཟོ་ལས་ཁང་སོགས་ཡིན་འདུག དཔལ་འབྱོར་ཆེད་མཁས་པ་དང་། གསར་ལམ་ཁག་ཏུ་ཐོན་པ་ལྟར་ན། ད་ཐེངས་ཀྱི་ནད་ཡམས་འདིས་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆའི༢མར་ལྷུང་ཡོད་པ་དང་། རྒྱ་ནག་གི་ཕྱི་འགྲེམས་ཐོན་རྫས་བརྒྱ་ཆའི༢༠ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། ༢༠༡༨ལོར་རྒྱ་ནག་ནས་ཨ་རི་གཅིག་པུར་འགྲུལ་བ་སླེབས་ཚད་མི་འབོར་ས་ཡ་གསུམ་ལ་ཟིན་ཡོད་པ་དང་། ཆ་སྙོམ་མི་རེས་ཨ་སྒོར་༦༥༠༠ནས༧༠༠༠ཡས་མས་ཀྱི་འགྲོ་སོང་གཏོང་གི་ཡོད་པས། འགྲིམ་འགྲུལ་འགག་པ་ལས་བྱུང་བའི་གྱོང་ཁ་ནི་ཤིན་ཏུ་ཆེན་པོ་ཞིག་ཡིན་འདུག སྤྱིའི་ཆ་ནས་ད་ལན་གྱི་གོད་ཆག་འདིས་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ༦༢གཉིས་ཀྱི་གྱོང་ཕོག་སྲིད་པ་དང་། ད་ལྟ་བར་དབུས་དང་ས་གནས་སྲིད་གཞུང་གཉིས་ཀྱིས་ཨ་སྒོར་ཐེར་འབུམ༡༣ལྷག་གི་འགྲོ་གྲོན་བཏང་ཚར་ཡོད་འདུག  ད་དུང་འགྲོ་སོང་ནི་གཙང་བོ་བཞུར་བཞུར་བྱེད་ཀྱིན་ཡོད་པ་སྨོས་ཅི་ལ་དགོས།

བསྐྱར་བཅོས།: ༢༠༢༠/༠༢/༠༥

Leave a Reply