པཱ་ཀི་སི་ཐན་དང་སོ་མཱ་ལི་ཡའི་ནང་འབུ་ཆ་ག་པ་ཡི་དཔུང་ཚོགས་བསླེབས།

པཱ་ཀི་སི་ཐན་དང་ཤར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་མཱ་ལི་ཡ་སོགས་ཀྱི་ནང་བྱེ་ཐང་གི་འབུ་ཆ་ག་པའི་དཔུང་ཚོགས་བསླེབས་ཏེ་ཞིང་ལས་ཐོན་སྐྱེད་དང་ཟས་རིགས་བདེ་འཇགས་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་འདུག

དེ་རིང་ཕྱི་ཚེས་ ༣ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། པཱ་ཀི་སི་ཐན་ལྷོ་ཤར་ཕྱོགས་དང་ཤར་ཨ་ཧྥེ་རི་ཁའི་སོ་མཱ་ལི་ཡ་རྒྱལ་ཁབ་སོགས་ཀྱི་ནང་བྱེ་ཐང་གི་འབུ་ཆ་ག་པ་ཁྱུ་ཚོགས་མང་པོ་འཕུར་ཡོང་སྟེ། ཞིང་ཁ་དང་ལོ་ཏོག་ལ་གནོད་སྐྱོན་ཆེན་པོ་བཟོ་ཡི་ཡོད་པ་མ་ཟད། ཟས་རིགས་བདེ་འཇགས་ལའང་གནོད་པ་སྐྱེལ་བའི་ཉེན་ཁའི་གནས་སུ་ལྷུང་ཡོད་སྟབས། སྲིད་གཞུང་གཉིས་ནས་རྒྱལ་ཡོངས་ཛ་དྲག་ཉེན་བརྡ་བཏང་སྟེ་འབུ་ཆ་ག་པའི་གནོད་འཚེ་འགོག་ཐབས་བྱེད་ཀྱི་ཡོད་འདུག

རྒྱལ་ཡོངས་ཛ་དྲག་ཉེན་བརྡ་དེ་པཱ་ཀི་སི་ཐན་གྱི་སྲིད་བློན་གཙོ་བོར་གྱུར་བའི་བློན་ཆེན་ཁག་གིས་ཚོགས་འདུ་བསྡུས་ཏེ་ཐག་གཅོད་བྱས་ཡོད་པ་དང་། སྲིད་བློན་ཨམ་རན་ཁན་གྱིས་གསར་འགོད་པར་ཞིང་བ་དང་ཞིང་ཁ་སྲུང་སྐྱོབ་བྱེད་རྒྱུ་ནི་སྲིད་གཞུང་གི་ལས་དོན་དང་ཤོས་དེ་ཆགས་ཡོད་པས། སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་ཞིང་ཁ་དང་ལོ་ཏོག་སྲུང་སྐྱོབ་ཐད་དགོས་མཁོ་ག་རེ་ཡོད་ཀྱང་བསྒྲུབ་རྒྱུ་ཡིན་པ་དང་། ད་ལན་རྒྱལ་ཡོངས་ཛ་དྲག་ཉེན་བརྡ་གཏོང་དགོས་པ་དེ། འབུའི་གནོད་སྐྱོན་གྱི་གནས་སྟངས་ཐད་ལས་དོན་ཡག་པོ་ཡོང་ཐབས་སུ་དམིགས་པ་ཞིག་ཡིན་པ་དང་། གནད་དོན་དེའི་ཐད་པཱ་ཀི་སི་ཐན་གྲོས་ཚོགས་ཀྱིས་ལྟ་རྟོག་དང་བཀོད་འདོམས་དགོས་པ་དང། ཐེངས་འདིར་འབུས་ཞིང་ཁར་གནོད་སྐྱོན་ལས་གཡོལ་ཐབས་ལ་པཱ་ཀི་སི་ཐན་གྱི་དངུལ་སྒོར་ཐེར་འབུམ་ ༧༣ ལྷག་གཏོང་དགོས་བྱུང་གི་ཡོད་སྐོར་སོགས་བརྗོད་འདུག

དེ་བཞིན་སོ་མྰ་ལི་ཡ་ཞིང་ལས་བློན་ཆེན་གྱིས་ཛ་དྲག་ཉེན་བརྡ་བཏང་སྟེ། འབུ་ཆ་ག་པའི་རྐྱེན་གྱིས་རྒྱལ་ཡོངས་ཀྱི་ཟས་རིགས་བདེ་འཇགས་དང་ཞིང་ལས་ཐོན་སྐྱེད་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་དང་། ང་ཚོས་མྱུར་ཏུ་ལས་དོན་གཉེར་མགོ་ཚུགས་ཏེ་མི་མང་གི་ཟས་རིགས་བདེ་འཇགས་དང་ཞིང་ཁའི་ལོ་ཏོག་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་དང་། གལ་ཏེ་ང་ཚོས་མྱུར་་ཏུ་ལས་དོན་མ་གཉེར་ན་རྒྱལ་ཡོངས་ཀྱི་ཟས་རིགས་བདེ་འཇགས་དང་འདང་ཚད་ཉེན་ཁའི་ནང་ལྷུང་རྒྱུ་ཡིན་པ་མ་ཟད། ང་ཚོས་མཁོ་འདོན་མི་ཐུབ་པའི་ཟས་རིགས་མང་པོ་ཞིག་ཉེན་ཁའི་གནས་སུ་ལྷུང་རྒྱུ་ཡིན་སྐོར་བརྗོད་འདུག

གཞན་ཡང་པཱ་ཀི་སི་ཐན་གྱི་དྲིལ་བསྒྲགས་བློན་ཆེན་ཧྥིར་དྷོ་སི་ཨ་ཤེག་ཝན་(Firdous Ashiq Awan)གྱིས། འདི་ལོར་པཱ་ཀི་སི་ཐན་ནང་བྱེ་ཐང་གི་འབུ་ཆ་ག་པས་གནོན་འཚེ་ཆེན་པོ་བཟོས་ཡོད་པ་དང་། འབུ་དེ་དག་འདི་ལོའི་ཕྱི་ཟླ་ ༡ ནང་ཨི་རན་བྱེ་ཐང་ནས་པཱ་ཀི་སི་ཐན་ནང་འཕུར་ཡོང་ཡོད་པ་དང་། ད་ལྟའི་ཆར་འབུ་ཆ་ག་པས་ཞིང་ཁའི་ནང་ལོ་ཏོག་དང་འབུ་རིགས། སྲིན་བལ། མ་རྨོས་ལོ་ཏོག་སོགས་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་སྐོར་བརྗོད་ཡོད་པ་དང་། ད་ལྟའི་ཆར་འབུ་ཚོགས་དེ་པཱ་ཀི་སི་ཐན་དང་རྒྱ་གར་པན་རྗབ་ས་མཚམས་སུ་ཤུགས་ཆེན་པོ་བསླེབས་ཡོད་པ་དང་། ས་གནས་དེ་ནི་རྒྱ་གར་དང་པཱ་ཀི་སི་ཐན་ཕྱོགས་གཉིས་ཀྱི་ཞིང་ལས་གཙོ་བོ་གཉེར་སའི་ས་ཁུལ་ལ་ཁེལ་ཡོད་པ་དང་། པཱ་ཀི་སི་ཐན་རྒྱལ་ཡོངས་བཟའ་བཅའི་བློན་ཆེན་གྱིས་འབུ་དེ་དག་ལ་ཞིང་ཁ་གཏོར་བཤིག་གི་ནུས་པ་ཆེན་པོ་ཡོད་པ་མ་ཟད། འབུ་ཚོགས་ཧ་ཅང་མང་བའི་རྐྱེན་གྱིས་རྒྱལ་ཡོངས་ཀྱི་ཟས་རིགས་བདེ་འཇགས་ལ་ཡང་ཉེན་ཁ་ཡོད་སྐོར་བརྗོད་འདུགའབུ་ཆ་ག་པ་དེ་ལོ་རེ་བཞིན་དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་འཕུར་སྐྱོད་བྱེད་བཞིན་ཡོད་པ་དང། དུས་རྒྱུན་འབུ་རིགས་དེ་དག་གིས་ཞིང་ཁ་དང་ལོ་ཏོག ཟ་མ་སོགས་ལ་གནོད་སྐྱོན་གཏོང་གི་ཡོད་ན་ཡང་། འབུ་ཚོགས་ཧ་ཅང་མང་པོ་འདུས་ཏེ་ཞིང་ཁ་དང་ཟས་རིགས་ལ་གཏོར་སྐྱོན་གཏོང་རྒྱུ་ཉུང་ཉུང་ཡིན་པ་དང་།  རྒྱལ་སྤྱིའི་ཆེད་མཁས་པ་མང་པོས་འབུ་རིགས་དེ་དག་གིས་ཞིང་ཁ་དང་ཟས་རིགས་ལ་གནོད་སྐྱོན་བཟོ་བཞིན་པ་དེ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཡོད་པ་དང་། གནམ་གཤིས་ཚ་དྲོད་དོ་མི་སྙོམ་པ་སོགས་ཀྱིས་འབུ་རིགས་མང་པོ་ཞིག་གི་དུས་ཚིགས་རང་བཞིན་གྱི་ཁ་ཟས་ལ་འགྱུར་བ་ཐེབས་པས་ཡིན་སྐོར་བརྗོད་བཞིན་ཡོད་འདུག

ཕྱི་ལོ་ ༡༩༩༣ ལོ་པཱ་ཀི་སི་ཐན་ནང་འབུ་ཚོགས་དེས་ཞིང་ཁ་དང་ཟས་རིགས་སོགས་ལ་གནོད་སྐྱོན་ཆེན་པོ་བཟོས་པའི་ལོ་རྒྱུས་ཡོད་པ་དང་། སྐབས་དེར་པཱ་ཀི་སི་ཐན་གྱིས་ཉིན་གྲངས་བཞི་ཙམ་གྱི་ནང་འབུས་གནོད་པ་སེལ་ཐུབ་ཡོད་ན་ཡང་། ཡུལ་དེའི་མི་མང་ཚོགས་པའི་གྲོས་ཚོགས་འཐུས་མི་ཞིག་གིས་སྤྱིར་ནམ་ཟླའི་ཚད་ལ་བལྟས་ན། ད་ལྟ་འབུ་དེ་དག་ནམ་རྒྱུན་ཨི་རན་ནང་འཕུར་བཞིན་ཡོད་ཀྱང་། འདི་ལོར་གནམ་གཤིས་དྲོད་ཚད་མཐོ་བོ་ཡིན་པས་འབུ་དེ་དག་སྔར་བཞིན་བསྡད་ཡོད་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབུས་གནོད་པ་ཡོང་རྒྱུར་ཉེན་ཁ་ཡོད་སྐོར་སོགས་བརྗོད་འདུག

 གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༢/༠༣

Leave a Reply

One thought on “པཱ་ཀི་སི་ཐན་དང་སོ་མཱ་ལི་ཡའི་ནང་འབུ་ཆ་ག་པ་ཡི་དཔུང་ཚོགས་བསླེབས།