སྔ་འགྱུར་རྙིང་མའི་ཁྲི་རབས་ཀྱི་མཚན་གནས་འདོགས་མི་དགོས་པའི་ཐག་གཅོད་གནང་འདུག

རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོ་གོ་སྒྲིག་ཚོགས་པ་ནས་ཐུགས་འགན་བཞེས་ཏེ་རྗེས་ཕྱོགས་སྔ་འགྱུར་རྙིང་མའི་ཁྲི་རབས་ཀྱི་མཚན་གནས་འདོགས་མི་དགོས་པ་གནང་འདུགཁ་སང་ཕྱི་ཚེས་ ༣ ཉིན་རྡོར་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་རྒྱུན་ལས་རྣམས་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་དང་བསྟུན། རྙིང་མའི་བླ་ཆེན་རྣམ་པ་དང་དགོན་ཁག་གི་བླ་སྤྲུལ་སྐུ་ཚབ་རྣམ་པ། དེ་བཞིན་སྤྱི་འཐུས་དང་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་རྒྱུན་ལས་རྣམ་པ་བཅས་ལྷན་བཞུགས་ཐོག ཕྱི་ལོ་ ༢༠༡༨ ལོའི་རྙིང་མའི་ཚོགས་འདུའི་ཐོག་ཁྲི་རབས་བསྐོ་བཞག་གནང་ཕྱོགས་གཏན་འབེབ་ཟིན་པ་གཞིར་བཟུང་། རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་ཞེ་ཆེན་རབ་འབྱམས་འཇིགས་མེད་ཆོས་ཀྱི་སེང་གེ་མཆོག་མང་མོས་ཀྱིས་ཐག་གཅོད་བྱུང་སྟེ། རིན་པོ་ཆེ་མཆོག་ལ་ཁྲི་རབས་བརྒྱད་པའི་ཐུགས་འགན་བཞེས་རྒྱུའི་གསོལ་འདེབས་ཞུས་ཀྱང་། རིན་པོ་ཆེ་མཆོག་ནས་ད་ལྟའི་རྙིང་མའི་དབུ་འཛིན་མཚན་བཞེས་གནང་རྒྱུ་དེ་མུར་འགྲོ་ན་མ་འོངས་པར་རྙིང་མའི་བསྟན་པར་ཕན་ལས་གནོད་ཆེ་བ་ཡོང་རྒྱུའི་ཉེན་ཁ་ཡོད་སྐོར་གསུངས་ཏེ་བཀའ་བཞེས་གནང་མེད་སྟབས། རྗེས་ཕྱོགས་ནས་སྔ་འགྱུར་རྙིང་མའི་ཁྲི་རབས་ཀྱི་མཚན་གནས་དེ་རྙིང་མའི་སྨོན་ལམ་ཆེན་མོའི་སྒྲིག་འཛུགས་ཀྱིས་འགན་འཁུར་ཞུ་རྒྱུའི་ཐག་གཅོད་གནང་ཡོད་སྐོར་གསུངས་འདུག

སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོའི་རྒྱུན་ལས་རྣམ་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། ལོ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་འཚོགས་བཞིན་པའི་སྐབས་བོད་ཟླ་ ༡༢ པའི་ཚེས་ ༨ ཉིན་གྱི་དགོང་མོར་སྨོན་ལམ་ཆེན་མོའི་ལས་དོན་གནང་ཕྱོགས་དང་། སྔ་འགྱུར་རྙིང་མའི་ཆོས་བརྒྱུད་དང་འབྲེལ་བའི་བསྟན་དོན་གྱི་བྱ་བ་གལ་ཆེ་ཡོད་ན་གྲོས་བསྡུར་ཐག་གཅོད་བྱ་རྒྱུའི་ལམ་སྲོལ་ཡོད་པ་བཞིན། ད་ལན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༡ པའི་སྐབས་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་ལ་རྙིང་མའི་ཁྲི་རབས་བརྒྱད་པའི་མཚན་གནས་འཛིན་པར་གསོལ་འདེབས་སྙན་སེང་ཞུ་སྐབས། རིན་པོ་ཆེ་མཆོག་གིས་ད་ལྟའི་རྙིང་མའི་དབུ་འཛིན་མཚན་བཞེས་གནང་རྒྱུ་དེ་མུར་འགྲོ་ན་མ་འོངས་པར་རྙིང་མའི་བསྟན་པར་ཕན་ལས་གནོད་ཆེ་བ་ཡོང་རྒྱུའི་ཉེན་ཁ་ཡོད་སྟབས། རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་ཚོགས་པ་འདི་ཚགས་ཚུད་དང༌། དེའི་ཚོགས་གཙོ་དང་རྒྱུན་ལས་བཅས་ཀྱིས་བསྟན་དོན་ཆེད་ཕྱག་ལས་གནང་རྒྱུའི་ཐག་གཅོད་གསར་པ་ཞིག་བྱ་ཐུབ་ཚེ་དགེ་མཚན་ཆེ་བར་ཡོད་པ་དགོངས་ཚུལ་གསུངས་པར་བརྟེན། གོ་བསྡུར་རིམ་པར་བྱས་མཐར་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གི་དགོངས་ཚུལ་དེ་བཞིན་སྤྱི་མོས་ཐག་གཅོད་བྱུང་སོང་བས། ད་ནས་བཟུང་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་ལས་དོན་ཆེད་མཉམ་ཞུགས་དགོས་རིགས་ལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་སྒྲིག་འཛུགས་ཀྱིས་འགན་ཁུར་བཞེས་གནང་རྒྱུ་དང༌། དེ་བརྒྱུད་བླ་ཆེན་ཁག་དང༌། དགོན་སྡེ་ཁག་ལ་བསྟན་འགྲོའི་ལས་དོན་རྣམས་ཀྱི་ཆེད་རེ་བསྐལ་ཅི་བྱུང་ལ་ཕྱར་གྲུ་མཉམ་འདེགས་ཀྱིས་མཐུན་འགྱུར་གནང་རྒྱུ་ཐུགས་གཏན་འཁེལ་བས། འབྲེལ་ཡོད་ཚང་མས་དེ་དོན་དགོངས་འཇགས་ཡོང་བར་ཞུ་རྒྱུ་ཡིན་སྐོར་བཀོད་འདུགཕྱི་ལོ་ ༢༠༡༨ ལོའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པའི་སྐབས་རྙིང་མའི་དབུ་འཛིན་སུ་བཞུགས་ཐད་གོ་བསྡུར་བྱུང་བར་རྙིང་མའི་མ་དགོན་དྲུག་ནས་དང་པོ་ཀཿཐོག་དང༌། དེ་རྗེས་རྫོགས་ཆེན། ཞེ་ཆེན། སྨིན་གྲོལ་གླིང༌། རྡོ་རྗེ་བྲག དཔལ་ཡུལ་བཅས་ཀྱི་བླ་ཆེན་རྣམས་ཀྱིས་ལོ་གསུམ་རེར་རེས་མོས་གནང་རྒྱུའི་ཐག་ཆོད་བྱུང་བ་བཞིན། སྐབས་དེར་ྋསྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་རིན་པོ་ཆེ་དམ་པ་མཆོག་ལ་གསོལ་འདེབས་སྙན་སེང་ཞུས་པ་ལྟར་ཞལ་བཞེས་གནང་སྟེ། ལོ་དེའི་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་དམ་པ་མཆོག་གིས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པའི་ཁྲི་འདོན་མཛད་སྒོ་ཚོགས་ཡོད་ན་ཡང་། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༩ ཉིན་རིན་པོ་ཆེ་མཆོག་བལ་ཡུལ་དུ་གློ་བུར་དགོངས་པ་རྫོགས་ཡོད་པ་ལྟར། དེའི་རྗེས་སྔ་འགྱུར་རྙིང་མའི་སྨོན་ལམ་སྐབས་ ༣༠ པའི་ཐོག་གྲུབ་དབང་རྫོགས་སྤྲུལ་བདུན་པ་༧བསྟན་འཛིན་འཇིགས་བྲལ་ལྷུན་པོ་མཆོག་སྔ་འགྱུར་རྙིང་མའི་ཁྲི་རབས་བརྒྱད་པར་བཞུགས་དགོས་པའི་ཐག་གཅོད་གནང་བ་ལྟར། རིན་པོ་ཆེ་མཆོག་རྙིང་མའི་ཁྲི་རབས་བརྒྱད་པར་བཞུགས་དགོས་པའི་གསོལ་འདེབས་ཞུས་ཡོད་ཀྱང་། རིན་པོ་ཆེ་མཆོག་ནས་སྐུའི་འཕྲོད་བཞེས་སོགས་ཀྱིས་རྙིང་མའི་ཁྲི་རབས་བརྒྱད་པར་བཞུགས་རྒྱུ་ཞལ་བཞེས་གནང་མེད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༢/༠༤

Leave a Reply