དྷ་རམ་ས་ལར་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་སྲུང་གཙི།

དྷ་རམ་ས་ལར་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་སྲུང་གཙི་བྱས་ཏེ་འབྲས་ནད་གོ་རྟོགས་སྤེལ་བའི་མཙན་རྟགས་བསྡུ་རུབ་དང་རིན་མེད་ཐོག་སྨན་པར་བསྟེན་གཏུག་གི་ལས་འགུལ་སྤེལ་བཞིན་འདུགདེ་རིང་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་དང་བསྟུན། བཞུགས་སྒར་དྷ་སའི་མེག་གྷན་གསུམ་མདོར་བོད་ཀྱི་འབྲས་ནད་ཚོགས་པས་བོད་པའི་སྤྱི་ཚོགས་ལ་དམིགས་ཏེ། འབྲས་ནད་དང་འབྲེལ་བའི་མཚན་རྟགས་བསྡུ་རུབ་ཀྱི་གོ་རྟོགས་ལས་འགུལ་ཞིག་སྤེལ་སོང་བ་དང་། དེ་བཞིན་ནད་སྐྱོབ་དགེ་རྩ་ཚོགས་པས་དེ་རིང་ནས་མགོ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་དུ་རྒྱ་གར་གྱི་ཨེམ་སི་སྨན་ཁང་གི་སྨན་པ་ཆེད་འབོད་ཀྱིས། རིན་མེད་ཐོག་མི་མང་ལ་སྨན་པར་བསྟེན་གཏུག་གི་ལས་གཞི་ཞིག་སྤེལ་གྱི་འདུག

ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་འབྲས་ནད་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་དོན། དེ་རིང་རྒྱལ་སྤྱི་ཁྱོན་ཡོངས་ནང་འབྲས་ནད་ཀྱི་ཉིན་མོ་སྲུང་གཙི་བྱེད་ཀྱི་ཡོད་པ་རེད། ང་ཚོ་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་། འབྲས་ནད་ཉིན་མོ་སྲུང་གཙི་ཞུ་དགོས་དོན་གཙོ་བོ་དེ། འཛམ་གླིང་ནང་འབྲས་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་འགྱུར་བ་དེ་སྙིང་ནད་རྗེས་ཀྱི་ཨང་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད། མ་འོངས་པར་འབྲས་ནད་དེ་ཨང་དང་པོ་ཆགས་རྒྱུའི་ཉེན་ཁ་ཆེན་པོ་ཆགས་བསྡད་ཡོད་པ་རེད། ལྷག་པར་དུ་དེ་རིང་གི་ཉིན་མོ་དེ་འབྲས་ནད་ཀྱི་རྐྱེན་པས་འདས་གྲོངས་གྱུར་བའི་མི་རྣམས་ལ་རྒྱབ་སྐྱོར་མཚོན་བྱེད་དང་། འབྲས་ནད་ན་བཞིན་པ་རྣམས་ལ་སེམས་ཤུགས་སྤར་ཆེད་དང་། དེ་བཞིན་འབྲས་ནད་སྐོར་གོ་རྟོགས་མེད་པའི་མི་རྣམས་ལ་འབྲས་ནད་སྔོན་འགོག་གི་ལས་གཞི་སྤེལ་ཆེད་ཡིན། ཅེས་བརྗོད་བྱུང་།

དེ་བཞིན་ནད་སྐྱོབ་དགེ་རྩ་ཚོགས་པས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྨན་པར་བསྟེན་གཏུག་གི་ལས་གཞི་སྤེལ་བཞིན་པའི་སྐོར་ལ་ཚོགས་པ་དེའི་ཚོགས་གཙོ་བསོད་ནམས་དབང་རྒྱལ་ལགས་ཀྱིས། གཅིག་ནས་དེ་རིང་འབྲས་ནད་ཀྱི་ཉིན་མོ་ཡིན་པ་དང་། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་འབྲས་ནད་ན་མཁན་མང་པོ་ཡོད་པ་དང་། གཉིས་ནས་ང་ཚོས་འདས་པའི་ལོ་བརྒྱད་རིང་རྒྱ་གར་གཞུང་གི་སྨན་ཁང་བདུན་དང་མཉམ་ལས་བྱེད་ཀྱི་ཡོད་པ་དང་། སྨན་ཁང་དེ་དག་ནང་བོད་མི་ནད་པ་ཚོར་འགོར་འགྱངས་མེད་པར་གང་མགྱོགས་མགྱོགས་སྨན་པར་བསྟེན་གཏུག་བྱེད་ཐུབ་པ་དང་། སྨན་བཅོས་ཚད་དང་ལྡན་པ། འགྲོ་སོང་གི་ཆ་ནས་གཞན་དང་བསྡུར་ན་ཉུང་བ་ཆགས་ཀྱི་ཡོད་པ་རེད། དེ་རིང་དེའི་ཐད་གོ་རྟོགས་སྤེལ་ཆེད་བོད་མིའི་སྒྲིག་འཛུགས་དང་མཉམ་འབྲེལ་གྱི་ཐོག་ནས་ལས་འགུལ་འདི་སྤེལ་བ་ཡིན། ཞེས་བརྗོད་བྱུང་བ་དང་། ད་ཐེངས་ཀྱི་སྨན་པར་བསྟེན་གཏུག་གི་ལས་གཞིའི་ནང་ལྡི་ལི་ཨེམ་སི་སྨན་ཁང་གི་སྨན་པ་འགའ་ཤས་ཆེད་འབོད་བྱས་ཏེ། རུས་ཚིགས་ཀྱི་ནད་རིགས་དང་ཕོ་བའི་ནད་རིགས། བུད་མེད་ཀྱི་ནད་རིགས། འབྲས་ནད་བཅས་ལ་བརྟག་དཔྱད་བྱེད་ཀྱི་ཡོད་འདུག

སྤྱིར་ནད་སྐྱོབ་དགེ་རྩ་ཚོགས་པ་དང་བོད་ཀྱི་འབྲས་ནད་ཚོགས་པ་གཉིས་ཀས་བོད་མིར་སྨན་བཅོས་ཀྱི་ཐད་ལ་རིན་མེད་ཐོག་མཐུན་འགྱུར་རོགས་རམ་གནང་གི་ཡོད་འདུག་ལ། དེ་ཡང་ནད་སྐྱོབ་དགེ་རྩ་ཚོགས་པས་འདས་པའི་ལོ་བརྒྱད་ལྷག་རིང་བོད་མི་ནད་པ་རྣམས་ལ་སྨན་ཁང་དང་སྨན་པ་ཚད་ལྡན་ངོ་སྤྲོད་དང་འབྲེལ། སྨན་པར་ཐུག་འཕྲད་ཀྱི་དུས་ཚོད་བཟོ་ཐབས་དང་། ནད་པར་སྐད་བསྒྱུར་དང་སྨན་གྲོན་སོགས་ཀྱི་ཐད་རོགས་རམ་གནང་གི་ཡོད་འདུག བོད་ཀྱི་འབྲས་ནད་ཚོགས་པ་ཐོག་མར་ཕྱི་ལོ་ ༢༠༡༤ ལོར་མགོ་འཛུགས་བྱས་པ་དང་། ཕྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱི་ངོས་འཛིན་ཐོག གཙོ་བོ་བོད་ཀྱི་གཞིས་ཆགས་དང་སློབ་གྲྭ། དགོན་སྡེ་སོགས་ནང་འབྲས་ནད་སྐོར་གྱི་གོ་རྟོགས་དང་སྔོན་འགོག་ལས་འགུལ་སྤེལ་མུས་ཡིན་པ་དང་། གཞན་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཨེམ་སི་གཙོས་པའི་འབྲས་ནད་བཅོས་སའི་སྨན་ཁང་ཆེ་ཁག་ལ་འབྲེལ་ལམ་བཙུགས་ཏེ། བོད་མི་འབྲས་ནད་ཅན་རྣམས་ལ་སྨན་པར་བསྟེན་གཏུག་དང་། སྨན་བཅོས། དགོས་ངེས་ཅན་ལ་སྨན་གྲོན་སོགས་ཀྱི་རོགས་རམ་དང་། བོད་མི་འབྲས་ནད་ཅན་རྣམས་ལ་སྡོད་གནས་མཐུན་འགྱུར་ཆེད། ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་དུ་བྱམས་བརྩེ་ཁང་ཞེས་པ་ཞིག་ཀྱང་ཆེད་འཛུགས་གནང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༢/༠༤

Leave a Reply