ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་ཞིག་གིས་བོད་ཕྲུག་ཚོར་ལམ་སྟོན་གནང་།

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སྐུ་ཞབས་ཨེཌ་རོའེ་སི་ (Ed Royce) ལགས་ཀྱིས་༧གོང་ས་མཆོག་གི་དགོངས་གཞི་བཞིན་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་བོད་རིགས་གཞོན་སྐྱེས་ཚོས་སྤྱི་སྨན་ལས་དོན་སྒྲུབ་དགོས་སྐོར་ལམ་སྟོན་གནང་འདུག

ཁ་སང་ཕྱི་དྲོར་རྒྱ་གར་གྷུ་ཇུ་རཱ་ཏི་མངའ་སྡེའི་བྷ་རོ་ཊ་ས་གནས་ནང་ཨ་རིའི་གྲོས་ཚོསགས་ཀྱི་འཐུས་མི་ཟུར་པ་སྐུ་ཞབས་ཨེཌ་རོའེ་སི་ (Ed Royce) ལགས་ཀྱིས། བོད་རིགས་སློབ་མ་ཚོའི་རེ་སྐུལ་ཞུས་པ་ལྟར་ཟུར་དུ་ཐུག་འཕྲད་གནང་སྟེ།  བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པར་གཞོན་སྐྱེས་ཚོས་ཤུགས་རྒྱག་དགོས་སྐོར་ཀྱི་ལམ་སྟོན་གནང་འདུག་ལ། སྐབས་དེར་ཨ་རིས་བོད་དོན་ལ་རྒྱབ་སྐྱོར་གནང་བའི་བཀའ་དྲིན་མཚོན་བྱེད་དུ་བོད་རིགས་སློབ་མ་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཞིག་ཕྱག་རྟགས་སུ་ཕུལ་ཡོད་འདུག

སྐབས་དེར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཨེཌ་རོའེ་སི་ (Ed Royce) ལགས་ཀྱིས། ངས་བསམ་པར་ད་ལྟ་ཁྱེད་རང་ཚོས་བྱ་བ་གལ་ཆེན་ག་རེ་སྒྲུབ་དགོས་ཀྱི་འདུག་ཟེར་ན། ཁྱེད་ཚོས་རང་ཉིད་དང་རང་གི་གྲོགས་པོར་རོགས་རམ་གང་བྱེད་ཐུབ་མིན་ཐད་དོ་སྣང་བྱེད་རྒྱུ་དེ་རེད། གལ་སྲིད་ཁྱེད་ཀྱིས་བོད་ཀྱི་རིག་གཞུང་དེ་སྲུང་སྐྱོབ་བྱེད་འདོད་ཡོད་ཚེ། རྒྱ་གར་གཞུང་གིས་བོད་ནང་མེད་པའི་རང་དབང་མང་པོ་ཞིག་སྤྲོད་ཀྱི་ཡོད་པ་རེད། འོན་ཀྱང་ངས་བསམ་པར་ཐབས་ལམ་ག་རེ་བརྟེན་ཡང་ཏཱ་ལའི་བླ་མའི་དགོངས་དོན་བཞིན་འཚེ་མེད་ཞི་བ་ཡིན་དགོས་པ་རེད། དེའི་ཐོག་གཞོན་སྐྱེས་ཚོའི་ནང་ཁུལ་གོ་བསྡུར་བྱས་ཏེ། རིམ་པས་བོད་ནང་རིག་གཞུང་སྲུང་སྐྱོབ་བྱེད་པའི་རང་སྐྱོང་གི་གནས་བབ་འཐོབ་རྒྱུའི་དུས་ཚོད་ཅིག་འཆར་རྒྱུ་ཡོད་མེད་ཐད་བསམ་བློ་གཏོང་དགོས། ཞེས་དང་། བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་རིག་གཞུང་ལ་སློབ་གཉེར་བྱེད་པ་དང་དར་སྤེལ་གཏོང་བ། དེ་བཞིན་བོད་དོན་བདེན་མཐའ་མ་གསལ་བར་དུ་ཤུགས་རྒྱག་དགོས་སྐོར་སོགས་སྐར་མ་ལྔ་ཙམ་རིང་ལམ་སྟོན་གནང་ཡོད་འདུགདེ་བཞིན་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༥ ཙམ་གྱི་ཐོག་མགོ་འཁྲིད་དང་འཛིན་སྐྱོང་ལྟེ་གནས་ཁང་ (Institute of Leadership and Governance) དུ། ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག ལྟེ་གནས་ཁང་དེའི་དགེ་སློབ་ཁྱོན་ ༤༠༠ ཙམ་ལ་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་གནང་སྐབས། བོད་རིགས་སློབ་མ་ཞིག་གིས་༧རྒྱལ་བའི་ཡང་སྲིད་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། གཞུང་གང་རུང་གིས་ཆོས་ལུགས་ཀྱི་དབུ་འཁྲིད་སུ་བྱེད་མིན་ལ་ཐེ་བྱུས་བྱེད་པ་ནི་འོས་འཚམ་ཞིག་མིན་པ་དང་། དཔེར་ན་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་གཏོགས་བྱེད་པ་དེ་ནི་ཆོས་ལུགས་དད་མོས་རང་དབང་དང་མི་མཐུན་པ་ཞིག་རེད། རྒྱ་གར་ལ་རྒྱ་གར་གྱི་རྩ་ཁྲིམས་ཤིག་ཡོད་པ་དང་དེའི་ནང་གཞི་རྩའི་ཐོབ་ཐང་སྟེ་ཆོས་དད་རང་དབང་གསལ་ཡོད་པ་རེད། ཨ་རིར་མཚོན་ནའང་རྩ་ཁྲིམས་ཀྱི་ཐོག་མ་དེ་སྲིད་གཞུང་གིས་སྨྲ་བརྗོད་རང་དབང་དང་ཆོས་ལུགས་དད་མོས་རང་དབང་འགན་ལེན་བྱེད་པའི་ཐོག་བཟོས་པ་ཞིག་རེད། ངའི་བསམ་པར་ཡང་སྲིད་ཀྱི་གནད་དོན་དད་དེ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཞིག་ཡིན་པ་རེད། ཅེས་གསུངས་འདུགབོད་རིགས་སློབ་མར་ཟུར་དུ་ཐུག་འཕྲད་སྐབས་བྷ་རོ་ཊ་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཕུན་ཚོགས་ཡེ་ཤེས་ལགས་ཀྱིས། རྒྱ་གར་གཞུང་མང་གཉིས་བོད་མི་ཚོར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་དང་། དེ་བཞིན་ཨ་རིའི་གཞུང་ནས་རོགས་དངུལ་བརྒྱུད་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་སློབ་གྲྭ་ཁག་ལ་རོགས་རམ་གནང་བཞིན་པ་དང་། ལྷག་པར་དུ་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱིས་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པ་དང་། ཕྱི་ལོ་ ༢༠༡༩ ལོའི་བོད་ཐོག་འཛིན་པའི་སྲིད་བྱུས་བཅས་སོ་སོ་གཏན་འབེབ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཨེཌ་རོའེ་སི་ (Ed Royce) ལགས་ནི་ཕྱི་ལོ་ ༡༩༥༡ ལོར་ཨ་རིར་སྐྱེས་ཤིང་། ཕྱི་ལོ་ ༡༩༩༣ ནས་ ༢༠༡༩ བར་དུ་གྲོས་ཚོགས་འོག་མའི་ནང་མངའ་སྡེའི་ (California) སྤྱི་མཐུན་ཚོགས་པའི་འཐུས་མི་གནང་འདུག ཁོང་གིས་ཕྱི་ལོ་ ༢༠༡༣ ནས་ ༢༠༡༩ བར་དུ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གནང་། ཕྱི་ལོ་ ༢༠༡༨ ལོར་བསྐྱར་དུ་འོས་བསྡུའི་ནང་ཞུགས་རྒྱུ་མིན་པ་གསལ་བསྒྲགས་གནང་སྟེ། ཕྱི་ལོ་ ༢༠༡༩ ལོའི་འོས་བསྡུ་བར་མའི་སྐབས་རྒས་ཡོལ་ཞུས་ཡོད་འདུག ཁོང་གིས་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོའི་འགན་བཞེས་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྲིད་སྐྱོང་མཆོག་རྣམ་གཉིས་ལ་མཇལ་འཕྲད་གནང་བ་སོགས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་མྱོང་ཡོད་འདུག

བྷ་རོ་ཊ་སློབ་ཕྲུག་མཐུན་ཚོགས་ནས་པར་མཁོ་སྤྲོད་གནང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༢/༠༤

Leave a Reply