བོད་ལ་ལོག་མཁན་ཚོ་ཆབ་སྲིད་ཀྱི་མིང་ཐོ་ནག་པོའི་ནང་ནས་ལེན་རྒྱུ་ཡིན་ཟེར།

རྒྱ་ནག་གཞུང་ནས་བཀོད་ཁྱབ་བཏང་སྟེ་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོས་རྒྱ་ནག་གི་ཆབ་སྲིད་དང་འགལ་བའི་ལས་ཀ་མ་བྱས་ན་མིང་ཐོ་ནག་པོའི་ནང་ནས་བླངས་ཏེ་མི་སེར་གྱི་ཐོབ་ཐང་ཆ་ཚང་སྤྲོད་རྒྱུ་ཡིན་ལུགས་དྲིལ་བསྒྲགས་བྱས་འདུགརྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནུས་སྟོབས་ཉམས་དམས་སུ་གཏོང་ཐབས་དང་རྒྱ་ནག་གཞུང་ལ་བློ་ཁ་ཕྱོགས་ཆེད་བསླུ་བྲིད་ཀྱི་ཆབ་སྲིད་སྣ་ཚོགས་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། འདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་མཛོད་དགེ་རྫོང་སོགས་སུ་ཕྱི་ནས་བོད་ལ་ལོག་མཁན་དང་། རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོའི་ཕ་མ་དང་ཉེ་འབྲེལ་སོགས་འབོད་འགུག་གིས་ཚོགས་འདུ་བསྡུས་ཏེ། ཕྱི་རྒྱལ་ལ་བྲོས་བྱོལ་དུ་འགྲོ་མཁན་ཚོ་རྒྱ་ནག་གི་ཁྲིམས་དང་འགལ་ཡོད་པས་རང་བཞིན་གྱིས་མིང་ཐོ་ནག་པོ་ཆགས་ཡོད་ན་ཡང་། རྒྱ་ནག་གི་ཆབ་སྲིད་དང་འགལ་བའི་ལས་ཀ་སོགས་མ་བྱས་ན་འདི་ལོ་ནས་མིང་ཐོ་ནག་པོ་ནས་ལེན་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག་ལ། གསར་འགོད་པས་ས་གནས་གཞན་དུ་ཡོད་པའི་བོད་མི་འགའ་ལ་དེའི་སྐོར་དྲིས་ཀྱང་རྒྱུས་ལོན་ཐུབ་མ་སོང་།

གནས་ཚུལ་མཁོ་སྤྲོད་པས་འདི་ག་དུས་བབ་ཀྱི་གསར་འགོད་པར། སྤྱིར་ཚོགས་འདུ་དེ་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༡༢ ཟླ་མཇུག་ཙམ་ལ་ཚོགས་སོང་བ་དང་། ཚོགས་འདུའི་སྟེང་མཛོད་དགེ་ཕྱོགས་ཀྱི་ཕྱིར་ལོག་མཁན་བོད་མི་མང་ཆེ་བ་ཡོད་པ་མ་ཟད། ཐག་རིང་དང་དེ་བཞིན་ཕྱི་རྒྱལ་ཁག་ན་ཡོད་མཁན་ཚོའི་ཕ་མ་དང་ཉེ་འབྲེལ་སོགས་ཚབ་ལ་བཏང་ཡོད་པ་དང་། ཚོགས་འདུའི་ཐོག་གཙོ་བོ་རྗེས་ཕྱོགས་ཆབ་སྲིད་དང་འགལ་བའི་ལས་ཀ་མ་བྱས་ན་མིང་ཐོ་ནག་པོ་ནས་ལེན་རྒྱུ་ཡིན་པ་དང་། གནས་ཚུལ་དེ་གོང་རིམ་གྱི་བཀོད་ཁྱབ་ཡིན་པས་ད་ནས་བཟུང་རྒྱ་ནག་གི་མི་སེར་གྱི་ཐོབ་ཐང་ཚང་མ་ཡོད་པའི་ཡིག་ཆ་བཟོ་ཆོག་སྐོར་བརྗོད་སོང་བ་དང་། སྤྱིར་བཏང་ཕྱི་ལ་བྲོས་བྱོལ་དུ་འགྲོ་མཁན་ཞིག་ཡིན་ན་རང་བཞིན་གྱིས་མིང་ཐོ་ནག་པོ་ཆགས་ཡོད་སྟབས། རྒྱ་ནག་གི་མི་སེར་ཚོར་ཐོབ་ཐང་ག་རེ་ཡོད་པ་མི་སྤྲོད་པ་མ་ཟད་ཐ་ན་སྨན་ཁང་དུ་འཕྲོད་བསྟེན་འགན་བཅོལ་ཡིག་ཆ་ཙམ་ཡང་བཟོ་མི་ཐུབ་པ་དང་། ས་ཆ་གང་དུ་སོང་ཡང་ཡར་ཞུ་བྱས་ཏེ་ག་རེ་བྱེད་ཀྱི་ཡོད་དང་གང་དུ་བསྡད་ཡོད་སོགས་ཚང་མ་བཤད་དགོས་པ་སོགས་ཀྱི་དཀའ་ངལ་ཡོད་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ཕྱི་རྒྱལ་ནས་བོད་དུ་ལོག་མཁན་ཚོའི་རྒྱབ་ལ་ཉུལ་མ་གཏོང་གི་ཡོད་པའི་སྐོར་ལ་ཁོང་གིས། ཕྱིར་ལོག་པ་ནས་ཁ་པར་ཨང་གྲངས་དང་སྐད་འཕྲིན་སོགས་ཁོ་ཚོར་སྤྲོད་དགོས་པ་དང་། བདུན་གཅིག་རེའི་མཚམས་ནས་ཁ་པར་ཡོང་སྟེ་གནས་ཚུལ་འདྲི་ཞིབ་རེ་བྱེད་བཞིན་ཡོད་ཀྱང། འདྲི་ཞིབ་ཀྱི་སྔོན་ནས་ཁོ་ཚོས་མི་དེ་གང་དུ་ཡོད་དང་སྐད་ཆ་ག་རེ་བཤད་བཞིན་ཡོད་སོགས་ཇི་བཞིན་ཤེས་པ་མ་ཟད། ཐ་ན་ཡུལ་ཕྱོགས་གཞན་ལ་སོང་ནས་ཟ་མ་གང་ནས་ཟོས་པ་དང་མི་སུ་དང་ཐུག་འཕྲད་བྱས་པ་སོགས་ཤེས་རྟོགས་བྱུང་གི་ཡོད་པ་དང་། མཚམས་རེར་དོན་དག་ཆུང་ཆུང་བློ་ཡུལ་ལས་འདས་པ་དེ་འདྲའང་ཤེས་རྟོགས་བྱུང་གི་ཡོད་པ་སོགས་གནས་ཚུལ་མང་པོ་ཞིག་བཤད་རྒྱུ་ཡོད་ན་ཡང་། མང་པོ་ཞིག་བཤད་ན་དགོས་པ་དེ་འདྲ་མཐོང་མ་སོང་ལ་སྟབས་བདེ་ཡང་མིན་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༡ ལོའི་ལོ་མགོ་ཙམ་ནས་ལྡི་ལི་གཞུང་ཚབ་ཁང་བརྒྱུད་བོད་ནང་ལོ་ ༢ རིང་སྡོད་ཆོག་པའི་ཡིག་ཆ་༼འགྲུལ་བསྐྱོད་ཡིག་ཆ་༽ (Travel Document) ཟེར་བ་ཞིག་སྤྲོད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་བོད་མིར་བསླུ་བྲིད་གཏོང་ཆེད་བོད་ཀྱི་ས་གནས་ཆེ་ཁག་ཏུ་སྣེ་ལེན་ཁང་གསར་རྒྱག་གིས་ལས་བྱེད་བསྐོ་བཞག་བྱས་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་བོད་ནང་ལོག་མཁན་ཚོར་སྣེ་ལེན་ཡག་པོ་བྱེད་ཀྱི་ཡོད་པའི་དྲིལ་བསྒྲགས་རིགས་ཀྱང་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ ནང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཆེད་དུ་ཕྱི་སྡོད་བོད་མིའི་ལས་དོན་གཞུང་ལས་ཁང་ཟེར་བ་སོགས་ཀྱི་ལས་ཁུངས་སྒོ་འབྱེད་བྱས་ཏེ། ལས་ཁུངས་དེའི་དམིགས་ཡུལ་ནི་ཕྱིར་སྡོད་བོད་མིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཕྱིར་སྡོད་རང་མིའི་ལས་དོན་དང་མགོ་འཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྔར་བས་ཁྱབ་རྒྱ་ཆེ་བའི་སྒོ་ནས་བོད་ཀྱི་ཕྱིར་སྡོད་སྤུན་ཟླ་དང་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་ཁྱིམ་མི་ལ་མཐུན་སྒྲིལ་དང་འབྲེལ་བ་བྱས་ཏེ། མང་ཚོགས་དང་ཚོགས་པའི་ནུས་པ་སྔར་བས་ལེགས་པར་འདོན་སྤེལ་བྱ་རྒྱུ་ཡིན། ཞེས་བསྒྲགས་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བཙན་བྱོལ་ནང་ནས་ཕྱིར་བོད་དུ་ལོག་པའི་བོད་མི་ཚོ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནང་ལྟ་སྐོར་དུ་འཁྲིད་དེ། རྒྱ་ནག་གི་འཕེལ་རྒྱས་དང་གུང་ཁྲན་ཏང་གི་སྟོབས་ཤུགས་ཟེར་བ་སོགས་ངོ་སྤྲོད་བྱེད་པའི་ལས་གཞི་ཞིག་མགོ་འཛུགས་བྱས་ཡོད་པ་དང་། ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་ཕྱི་ལོག་ནས་ཡོང་མཁན་ཚོར་རྒྱ་ནག་འཕེལ་རྒྱས་སུ་ཕྱིན་ཡོད་ཟེར་ནས་ཧེབ་ལངས་ཐབས་བྱེད་ཀྱི་ཡོད་པ་དང་། ལྟ་སྐོར་ལ་འགྲོ་ཞོར་གུང་ཁྲན་ཏང་གི་འཕེལ་རྒྱས་དང་སྟོབས་ཤུགས། རྒྱ་ནག་གཞུང་གི་ཆབ་སྲིད་དང་ཁྲིམས་ལུགས། ལོ་རྒྱུས། ཕྱིར་རྒྱ་ནག་ལ་ལོག་པ་དེ་ཡག་པོ་ཡིན་པ་སོགས་ཀྱི་སྐོར་གཏམ་བཤད་དང་སློབ་གསོ་སོགས་རྒྱག་གི་ཡོད་པ་རེད།

རྒྱ་ནག་གིས་བཙན་བྱོལ་བོད་མི་ཚོ་ཕྱིར་བོད་དུ་ལོག་ཐབས་སྣ་ཚོགས་བྱེད་བཞིན་པ་དེ་ནི། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནུས་པ་ཉམས་དམས་སུ་གཏོང་ཐབས་ལ་དམིགས་ཡོད་པ་ལྟར།  ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གི་ཀྲུང་གོ་བོད་རིག་པའི་དུས་དེབ་ཟེར་བའི་སྟེང་མིང་ལ་ལིའུ་པིང་ཟེར་བའི་རྒྱ་ནག་གི་གཞུང་འབྲེལ་ལས་བྱེད་ཅིག་གིས་དུས་སྐབས་གསར་པའི་བོད་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་ལ་བསམ་གཞིགས་ཟེར་བའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། གོ་སྐབས་འཚམ་པོ་བྱུང་དུས་སེམས་ཐག་གཙང་བཅད་ཀྱིས་ཕྱི་ན་ཡོད་པའི་བོད་རིགས་སྤུན་ཟླའི་སེམས་རྒྱ་ནག་ལ་ཕྱོགས་ཐབས་བྱེད་དགོས་སྐོར་དང་། དུས་རབས་ ༢༠ པའི་ལོ་རབས་ ༨༠ ནས་བཟུང་ཕྱི་ལ་སོང་སྟེ་ཕྱི་རྒྱལ་དུ་གནས་སྡོད་བྱས་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ཟེར་བར་ཤུགས་སྣོན་དགོས་པ་མ་ཟད། ཕྱི་ན་ཡོད་པའི་བོད་རིགས་ཀྱི་མི་རབས་གཉིས་པ་དང་གསུམ་པའི་འབྲེལ་གཏུག་གི་ལས་དོན་ཡག་པོ་སྒྲུབ་སྟེ། ཕྱི་རྒྱལ་གྱི་སྤྱི་ཚོགས་རྨང་གཞི་ཇེ་ཞན་དུ་གཏོང་དགོས་སྐོར་དང་། འགལ་ཟླ་བེད་སྤྱོད་བྱས་ཏེ་ནང་དཀྲུག་ཁ་གཏོར་བྱེད་པའི་རྩ་དོན་དེ་ལས་དོན་གྱི་རིམ་པ་ཁག་གི་ནང་ཁྱབ་དགོས་པ་སོགས་བསྒྲགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༢/༠༥

Leave a Reply

4 thoughts on “བོད་ལ་ལོག་མཁན་ཚོ་ཆབ་སྲིད་ཀྱི་མིང་ཐོ་ནག་པོའི་ནང་ནས་ལེན་རྒྱུ་ཡིན་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས

    བོད་མི་རང་ཡུལ་བོད་དུ་ལོག་པར་ཆབ་སྲིད་ཀྱི་མིང་མཐོ་ནག་པོའི་ནང་ནས་ལེན་རྒྱུ་ཟེར་ན་ག་འདྲ་རེད་རྒྱ་རོ་ཁ་མ་བཙུམ་ན་འཛམ་གླིང་ལ་མེད་པའི་ནད་ཡམས་རྒྱ་ནག་ནང་སླེབས་པ་ནས་ལས་རྒྱུ་འབྲས་ཟེར་ན་དེ་ཚོ་རེད་ད།

  2. གཞུང་པ་ཚེ་དབང་བསོད་ནམས

    རྒྱ་ནག་གི་ངོས་ནས་བོད་མིར་བལྟ་སྟངས་དེ་འདྲ་ཞིག་ལས་མེད་ན་ང་ཚོ་བོད་མིའི་ངོས་ནས་བསམ་བློ་གཏོང་རྒྱུ་དང་ལས་འཆར་བཀོད་རྒྱུ་སོགས་ནམ་ཡང་རྗེས་ལུས་མ་ཐེབ་པ་དགོས་རྒྱུ་དེ་གལ་ཆེན་དོན་ཆེན་
    ཞིག་ལ་ངོས་འཛིན་ཞུ་གི་ཡོད།

  3. བོད་ལ་ལོག་མཁན་ཚོ་ཆབ་སྲིད་ཀྱི་མིང་ཐོ་ནག་པོའི་ནང་ནས་ལེན་རྒྱུ་ཡིན་ཟེར། China’s Leaders are Very Cute. Their plan Mousse Trap. 😂 😂 😂 སྔོན་ལ་ རྒྱ་དམར་འགོ་དཔོན་ཀླན་ལྐུག་ཚོ་ སྤྱང་པོ་ཡིན་ན་་་ རྒྱ་ནག་མི་དམངས། བོད། མན་ཇུ། ཧོང་ཀོང་། ཡུ་གུར། ནང་སོག སེམས་ནང་གི་ མིང་ཐོ་ནག་པོ་ནས་ལོན་དང་། ཨ་ལས་ངན་ རྒྱ་ནག་ལ་ཀླན་ལྐུག་རྫོགས་ཡ་མེད་ཅོ་ གང་དྲས་རེད།