ལུམྦི་ནི་རྒྱ་སྐྱེད་གཏོང་བར་ས་ཆ་སྤྲོད་འདོད་མེད།

སངས་རྒྱས་སྐུ་འཁྲུངས་ཡུལ་ལུམྦི་ནི་རྒྱ་སྐྱེད་ཀྱི་ལས་གཞིར་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཆེ་བའི་དོགས་གཞིའི་འོག་ཡུལ་མིས་ས་ཆ་འཕར་མ་སྤྲོད་འདོད་མེད་ལུགས་བརྗོད་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་བལ་ཡུལ་གྱི་ཧི་མ་ལ་ཡ་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན།  སངས་རྒྱས་ཀྱི་འཁྲུངས་ཡུལ་ལུམྦི་ནི་རྒྱ་སྐྱེད་ཀྱི་ལས་གཞི་དེའི་ཆེད་གནས་དེར་བལ་ཡུལ་དབུས་གཞུང་གི་རིག་གཞུང་དང་། ཡུལ་སྐོར་མཁའ་འགྲུལ་བཅས་ཀྱི་བློན་ཆེན་ (Yogesh Bhattarai) ལགས་དང་། ཞིང་ཆེན་ ༥ པའི་མངའ་སྡེའི་བློན་ཆེན་ (Shankar Pokhrel) གཉིས་ཐུག་འཕྲད་བྱས་ཏེ། ས་གནས་མི་མང་དང་ལྷན་དུ་ལས་གཞི་ལག་བསྟར་མགོ་འཛུགས་བྱེད་ཕྱོགས་ཐད་གྲོས་བསྡུར་བྱེད་སྐབས། རྒྱ་སྐྱེད་ཀྱི་ལས་གཞིར་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཆེ་བའི་དོགས་གཞིའི་འོག ཡུལ་མིས་རྒྱ་སྐྱེད་ལས་གཞིའི་ཆེད་ས་ཆ་འཕར་མ་སྤྲོད་འདོད་མེད་ལ། དེ་སྔོན་རིན་མེད་དུ་ས་ཆ་སྤྲོད་མཁན་ཚོར་ད་དུང་གུན་གསབ་དངུལ་སྤྲད་མེད་སྐོར་བརྗོད་འདུག

བལ་ཡུལ་གཞུང་གིས་འཛམ་གླིང་གི་ཆོས་ལུགས་གཞན་ཁག་གི་གནས་ཆེན་ལྟར་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་བའི་གནས་ལུམྦི་ནི་རྒྱ་སྐྱེད་གཏོང་ཆེད་བལ་སྒོར་ཐེར་འབུམ་ ༢༠༠ བཏང་སྟེ། ཁ་ཆེ་ཆོས་ལུགས་ཀྱི་གནས་ཆེན་ (Mecca) དང་ (Medina) དེ་བཞིན་ཡེ་ཤུ་ཆོས་ལུགས་ཀྱི་ (Jerusalem) གྲོང་ཁྱེར་ལྟ་བུ་ཞིག་ཏུ་བསྐྲུན་འཆར་ཡོད་པ་དང་། དབུས་གཞུང་གི་བློན་ཆེན་བྷ་ཊ་རེ་(Yogesh Bhattarai) ལགས་ཀྱིས་རྒྱ་སྐྱེད་ཀྱི་ལས་གཞི་བཟོས་ཏེ་ཡར་རྒྱས་གཏོང་བར་གྲ་སྒྲིག་ཡིན་སྐོར་བརྗོད་འདུག

གནས་ཚུལ་ནང་བཀོད་པ་ལྟར་ན། ལུམྦི་ནི་ཉེ་འཁོར་གྱི་ས་གནས་མི་མང་གིས་སྔོན་ཆད་རྒྱ་སྐྱེད་ལས་གཞིའི་ཆེད་ས་ཆ་སྤྱི་ལེ་གྲུ་བཞི་མ་ ༧།༤ ལྷག་ཞལ་འདེབས་སུ་སྤྲད་ཡོད་པ་དེའི་ཐད་ཡུལ་དེའི་བློན་ཆེན་ཟུར་པ་ (Wakil Ahamamd Khan) ལགས་ཀྱིས། ང་ཚོས་ས་གནས་སུ་ཡར་རྒྱས་གང་མགྱོགས་ཡོང་བའི་རེ་བ་བྱས་ཏེ་ས་ཆ་ཞལ་འདེབས་སུ་ཕུལ་བ་ཡིན། ད་ལྟ་མི་ལོ་ ༤༠ ལྷག་འགྲོ་ཡི་ཡོད་ནའང་ཡར་རྒྱས་གང་ཡང་བྱུང་མེད་པ་རེད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་དངུལ་འབོར་ཆེན་བཟོས་ཡོད་པ་དང་། ལུམྦི་ནི་ཡར་རྒྱས་ཐེབས་རྩ་ཚོགས་པ་ལྐོག་ཟ་རུལ་སུངས་ཅན་ཏུ་གྱུར་ཡོད་པ་རེད། འོན་ཀྱང་ས་གནས་མི་མང་ལ་ཅི་ཡང་ཐོབ་མེད་པ་རེད། ཅེས་བརྗོད་འདུག

ལུམྦི་ནི་ནི་སངས་རྒྱས་སྐུ་འཁྲུངས་ཡུལ་གྱི་གནས་ཆེན་ཡིན་ནའང་། དེར་འགྲིམ་འགྲུལ་སྟནས་མི་བདེ་བ་སོགས་ཀྱིས་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་ནས་ནང་པའི་གནས་སྐོར་བ་དེ་ཙམ་སླེབ་ཐུབ་ཀྱི་མེད་ལ། བལ་ཡུལ་གཞུང་གིས་རྒྱ་སྐྱེད་ལས་གཞི་སྤེལ་ཐུབ་ཀྱི་མེད་པའི་གོ་སྐབས་དང་བསྟུན། ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་གཞུང་གིས་ཨ་སྒོར་དུང་ཕྱུར་ ༣ གྱི་མ་འཛུགས་བྱས་ཏེ་ལུམྦི་ནི་ཁུལ་དུ་མཁའ་ལམ་དང་། གཞུང་ལམ། མགྲོན་ཁང་གསར་རྒྱག་བྱས་ཏེ་ས་གནས་ཡར་རྒྱས་གཏོང་རྒྱུ་དང་། དེ་བཞིན་ལུམྦི་ནི་ཁུལ་དུ་ནང་པའི་གཙུག་ལག་སློབ་གཉེར་ཁང་ཞིག་འཛུགས་རྒྱུ་སོགས་རྒྱལ་ཁབ་གཉིས་བར་རྒྱུས་ལོན་ཆོད་ཡིག་ (Memorandum of Understanding) ཞིག་ཀྱང་བཞག་ཡོད་ལ། འདི་ལོའི་ཕྱི་ཟླ་ ༡ ནང་བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་ནག་གི་སི་ཁྲོན་ (Sichuan) ཞིང་ཆེན་ནས་ཐད་ཀར་ལུམྦི་ནིའི་ཉེ་འཁོར་ཀྱི་གནམ་ཐང་དུ་འཕུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་་ཡིན་སྐོར་བསྒྲགས་ཡོད་པ་རེད དེ་བཞིན་རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་བོད་ཀྱི་སྐྱིད་གྲོང་ནས་བལ་ཡུལ་གྱི་རྒྱལ་ས་བརྒྱུད། པོགཱ་ར་དང་ལུམྦི་ནི་བཅས་མེ་འཁོར་ལྕགས་ལམ་བཙུགས་ཏེ་མཐུད་འཆར་ཤིག་ཀྱང་ཡོད་འདུགསྤྱིར་ལུམྦི་ནི་རྒྱ་སྐྱེད་ཀྱི་ལས་གཞི་ཐོག་མ་ནི་འབར་མའི་མི་སེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨུ་ཐན་ (U Thant) ཐེངས་དང་པོར་བལ་ཡུལ་དུ་བསླེབས་སྐབས། སངས་རྒྱས་སྐུ་འཁྲུངས་ཡུལ་ལུམྦི་ནི་ཡི་གནས་སྟངས་སྐྱོ་བོ་དེ་མཐོང་རྗེས། ཉི་ཧོང་གི་འཆར་འགོད་པ་གྲགས་ཅན་ཀེན་ཛོ་ཏང་གེ་ (Kenzo Tange) ལགས་ལ་རེ་སྐུལ་གནང་སྟེ། ཕྱི་ལོ་ ༡༩༧༢ ལོར་འཆར་འགོད་མགོ་བཙུགས་ཤིང་། ཕྱི་ལོ་ ༡༩༧༨ ལོར་འཆར་འགོད་གྲུབ་སྟེ་རྒྱལ་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཚོགས་པས་ངོས་བཞེས་གནང་ཡོད་འདུག སྤྱི་ལེ་གྲུ་བཞི་མ་ ༧ ཙམ་གྱི་འཆར་འགོད་དེའི་ནང་ལུམྦི་ནི་ལྡུམ་ར་དང་ལུམྦི་ནི་རྒྱལ་སྤྱིའི་དགོན་པ། ལུམྦི་ནི་གྲོང་སྡེ་བཅས་གསུམ་དུ་བགོས་ཡོད་པ་དང་། ལོ་གསུམ་ནང་ལས་འཆར་དེ་འགྲུབ་འཆར་ཡིན་ནའང་། རྒྱལ་ཚོགས་ཀྱི་དྲུང་ཆེ་ཨུ་ཐན་ (U Thant) ལགས་ཕྱི་ལོ་ ༡༩༧༢ ལོར་འདས་གྲོངས་སུ་ཕྱིན་ཡོད་སྟབས་ཕྱི་ལོ་ ༡༩༨༥ ལོར་གཞི་ནས་ལས་འཆར་གྲུབ་ཡོད་འདུག་ལ། དེ་ནི་ལས་འཆར་དེའི་ཐོག་མའི་འཆར་གཞི་ཡི་བརྒྱ་ཆའི་ ༨༠ ཙམ་ཡིན་འདུག དེའི་རྗེས་བལ་ཡུལ་གཞུང་འཛིན་ཁྲོད་ལྐོག་ཟ་རུལ་སུངས་ཤུགས་ཆེན་བྱུང་བ་དང་གཞུང་ཕྱོགས་ནས་ལུམྦི་ནིར་དེ་ཙམ་བདག་སྐྱོང་མ་བྱས་སྟབས། རིམ་གྱིས་ཁུལ་དེར་འཛུགས་བསྐྲུན་བྱས་པ་རྣམས་ཉམས་ཡོད་འདུག ཕྱི་ལོ་ ༢༠༡༨ ལོར་བལ་ཡུལ་གཞུང་གིས་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། ལོ་རེར་ལུམྦི་ནིར་གནས་སྐོར་བ་ས་ཡ་ ༡ ལྷག་བྱུང་ཡོད་པའི་ཁྲོད་གནས་སྐོར་བ་གྲངས་འབུམ་ ༩ མ་ཟིན་ཙམ་རྒྱལ་ནང་གི་ཡུལ་མི་ཡིན་འདུག་ལ། འབུམ་གཅིག་ཙམ་རྒྱ་གར་ནས་ཡོང་བ་དང་། རྒྱལ་ཁབ་གཞན་ཁག་གི་གནས་སྐོར་བ་འབུམ་གཅིག་ཙམ་ལས་མེད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༢/༠༥

Leave a Reply

One thought on “ལུམྦི་ནི་རྒྱ་སྐྱེད་གཏོང་བར་ས་ཆ་སྤྲོད་འདོད་མེད།

  1. བསོད་ནམས་རྒྱལ་མཚན།

    མགོ་རྒྱལ་པོ་ནས་མ་རྐུ་མ་རེད། ཤིང་ལྡོང་རྩ་་ཆེན་དེ་མི་ལ་བཙོངས། གནས་སྐོར་འགྲོ་མཁན་ལ་ཕྲོག་བཅོམ་རེད། རྒྱ་བལ་གཉིས་ནང་པའི་གནས་དེ་ཡོང་བབ་ཆགས་སྡད་ཡོད་པ་རེད། ལྐོག་ཟ་རུལ་སུངས་ནི་ Corona Virus’s 🦠 ལས་སྡུག་པ་ཞིག་རེད། ལོ་མང་པོ་ནས་འདར་ཁྱབ་ཕྱིན་པའི་ནད་འབུ་ཞིག་རེད། ཁྲིམས་གཏོང་མཁན་ཁོ་རང་ ལྐོག་ཟ་རུལ་སུངས་ཀྱི་ནད་འབུ་ཡོད་པ་ཞིག་རེད། ཆུ་ལ་མེ་ཤོར་ན་ག་རེད་ཀྱི་གསོད་ག 🤔