དྷ་རམ་ས་ལར་ཏོག་དབྱིབས་ནད་དུག་སྐོར་ལམ་སྟོན་གནང་གི་འདུག

དྷ་ས་མེག་གྷན་གྱི་གཞུང་གི་ཡན་ལག་སྨན་ཁང་ནས་ལམ་སྟོན་དང་དྷ་སའི་མགྲོན་ཁང་ཚང་མར་སོ་སོའི་མགྲོན་པོར་འདྲི་ཞིབ་དང་ནད་རྟགས་བྱུང་ན་འཕྲལ་དུ་སྨན་པར་ངོ་གཏུག་བྱེད་དུ་འཇུག་དགོས་པའི་ལམ་སྟོན་གནང་འདུགདྷ་རམ་ས་ལ་ནི་རྒྱ་གར་བྱང་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས་གཙོ་བོ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་རྒྱ་ནག་དང་ཐའེ་ཝན་གཙོས་པའི་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གི་དད་ལྡན་དོན་གཉེར་ཅན་མང་པོ་འཛོམས་ས་ཞིག་ཆགས་ཡོད་སྟབས། ཀང་ར་རྫོང་སྲིད་གཞུང་ནས་བཀོད་ཁྱབ་བཏང་བ་ལྟར། དྷ་ས་མེག་གྷན་དུ་ཡོད་པའི་གཞུང་གི་ཡན་ལག་སྨན་ཁང་དུ་བློ་འདྲི་ལམ་སྟོན་ཁང་བཙུགས་ཏེ་སང་ཉིན་ནས་ཕྱི་མི་ཡུལ་སྐོར་བ་དང་ཡུལ་མི་བཅས་ལ་ཏོག་དབྱིབས་ནད་དུག་སྐོར་ལ་ལམ་སྟོན་གནང་རྒྱུ་ཡིན་འདུག་ལ། དེ་བཞིན་དྷ་ས་ནས་སྤྱི་ལེ་ ༢༠ ལྷག་གི་སར་ཡོད་པའི་ཊན་ཌ་སྨན་ཁང་དང་སིམ་ལའི་ཨིན་དྷ་ར་གྷན་དྷི་སྨན་བཅོས་སློབ་གྲྭ་(Indira Gandhi Medical College)གཉིས་ནས་ནད་དུག་དེ་ཡོད་མེད་བརྟག་དཔྱད་གནང་གི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཀང་ར་རྫོང་དཔོན་ལས་ཁུངས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་དང་འབྲེལ་བའི་ཛ་དྲག་ཚོགས་འདུ་ཞིག་བསྐོངས་ཏེ། རྫོང་དཔོན་ལས་འཕར་དང་། རྫོང་གི་སྨན་བཅོས་ཚན་པའི་འགན་འཛིན། དེ་བཞིན་ཉེན་རྟོག་དཔོན་དང་། ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་སྐུ་ཚབ། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་འཕར་དང་ཟུང་དྲུང་། ས་གནས་མགོ་འཛིན་བཅས་ལ་གོ་བསྡུར་ལམ་སྟོན་གནང་ཡོད་པ་ལྟར། འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་སུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ངོས་ནས་དྷ་སར་ཏོག་དབྱིབས་ནད་དུག་འགོས་ཁྱབ་མི་འགྲོ་བའི་ཆེད་དུ་གྲ་སྒྲིག་ག་རེ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། སྤྱིར་འཕྲོད་བསྟེན་ལས་ཁུངས་ངོས་ནས་བདུན་ཕྲག་གཉིས་ཙམ་གོང་ནས་བོད་མིའི་ས་གནས་ཀུན་ལ་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱིས་སྤེལ་བའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལམ་སྟོན་གཞིར་བཞག་ཐོག་བཟོས་པའི་སྦྱར་ཡིག་རྣམས་བཀྲམས་ཡོད་པ་མ་ཟད། དྷ་སར་ཡང་སྦྱར་ཡིག་ཁག་ཅིག་སྦྱར་ཡོད་སྐོར་དང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་ཚོགས་འདུའི་ཐོག ཧི་མ་ཅལ་གཞུང་གིས་མངའ་སྡེ་ཁྱོན་ཡོངས་ནང་ཆེད་དམིགས་སྨན་ཁང་ཆུང་འབྲིང་ནང་ཏོག་དབྱིབས་ནད་དུག་སྐོར་བློ་འདྲི་བྱ་ཡུལ་ཆེད་འཛུགས་གནང་ཡོད་པའི་སྐོར་དང་། ལྷག་པར་དུ་དྷ་རམ་ས་ལ་ནི་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཚིགས་གཙོ་བོ་ཞིག་ཡིན་སྟབས། མེག་གྷན་ཤེས་རིག་དཔར་ཁང་གི་ཚོང་ཁང་འགྲམ་དུ་ཡོད་པའི་རྒྱ་གར་གཞུང་གི་ཡན་ལག་སྨན་ཁང་དེ་ཉིད་ས་གནས་ཀྱི་བློ་འདྲི་བྱ་ཡུལ་དང་། ནད་ཡམས་དང་འབྲེལ་བའི་བརྟག་དཔྱད་བྱ་ཡུལ་དུ་གཏན་འཁེལ་བྱས་ཡོད་པ་དང་། དེ་བཞིན་དྷ་སར་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱིས་ཉེ་ཆར་རང་ཉིད་རྒྱལ་ཁབ་དང་ས་ཁུལ་གང་དུ་བསྐྱོད་མིན་གྱི་འགེངས་ཤོག་ཅིག་ངེས་པར་དུ་སྐོང་དགོས་པའི་སྒྲིག་གཞི་བཟོས་ཡོད་སྐོར་བརྗོད་བྱུང་།

སྤྱིར་མེག་གྷན་ཁྲོམ་གཞུང་གི་སྨན་ཁང་དེ་ནི་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་བློ་འདྲི་དང་ལམ་སྟོན་གྱི་ལྟེ་གནས་རེད་འདུག་ལ། འདི་གའི་གསར་འགོད་པར་སྨན་ཁང་དེའི་འབྲེལ་ཡོད་ལས་བྱེད་ཅིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟའི་ཆར་དྷ་རམ་ས་ལར་ཏོག་དབྱིབས་ནད་དུག་བརྟག་དཔྱད་བྱ་རྒྱུའི་ཆ་རྐྱེན་མེད་ཀྱང་། ཊན་ཌ་སྨན་ཁང་ (Dr. Rajendra Prasad Government Medical College) དུ་བརྟག་དཔྱད་བྱེད་ཐུབ་ཀྱི་ཡོད་པས། ཕྱི་མི་ཡུལ་སྐོར་བ་རྣམས་ལ་དེ་རུ་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། ས་གནས་ཡུལ་མི་ཡིན་ན་ཡང་ཊན་ཌ་སྨན་ཁང་དུ་བརྟག་དཔྱད་བྱ་དགོས་སྐོར་དང་། དྷ་ས་དེ་རྒྱ་རིགས་མང་པོ་ཡོང་སའི་ས་ཆ་ཞིག་ཡིན་པའི་ཆ་ནས་གཞུང་ནས་སྔོན་འགོག་གི་ཆེད་དུ་རྒྱ་རིགས་གཙོས་པའི་ཕྱི་རྒྱལ་མི་སེར་ཚང་མར་ཏོག་དབྱིབས་ནད་དུག་ཡོད་མེད་བརྟག་དཔྱད་བྱ་དགོས་པ་མ་ཟད། ཁོ་ཚོ་ལོགས་བཀར་བྱེད་དགོས་སྐོར་བརྗོད་བྱུང་།

རྒྱ་གར་གཞུང་གི་བཀོད་ཁྱབ་ལྟར་གནམ་ཐང་དང་མགྲོན་ཁང་སོགས་ནས་འགེངས་ཤོག་ཅིག་ངེས་པར་དུ་སྐོང་དུ་འཇུག་པ་དེའི་ནང་། འགྲུལ་པའི་མིང་དང་། གནམ་གྲུའི་ཨང་གྲངས། ཟླ་ཚེས། ཡུལ་ལུང་གང་ནས་ཐོན་མིན། རྒྱ་གར་གྱི་གནས་སྡོད་ཁ་བྱང་། དེ་བཞིན་རྒྱ་ནག་ལ་ཕྱིན་ཡོད་ཚེ། གྲོང་ཁྱེར་གང་དུ་བསྐྱོད་ཡོད་པ་དང་། ལྷག་པར་དུ་འདས་པའི་ཉིན་གྲངས་ ༡༤ ནང་རྒྱ་ནག་ཧུའུ་པའེ་ཞིང་ཆེན་ཝུ་ཧན་གྲོང་ཁྱེར་དུ་བསྐྱོད་ཡོད་མེད་དང་། སྐབས་དེར་ཉ་དང་མཚོ་ཟས་ཀྱི་ཁྲོམ་རར་ཕྱིན་ཡོད་མེད། ད་ལྟ་གློ་རྒྱག་པ་དང་། ཚ་བ་རྒྱས་པ། དབུགས་འབྱིན་རྔུབ་ལ་དཀའ་ངལ་ཡོད་མེད་བཅས་དང་། གནམ་ཐང་ནས་ཕྱིར་བུད་རྗེས་ཉིན་གྲངས་ ༢༨ ནང་ཚུད་ནད་རྟགས་དེ་དག་ཐོན་ཚེ། ཁང་པའི་ཕྱི་ལ་སྐྱོད་རྒྱུར་ཚོད་འཛིན་བྱེད་དགོས་པ་མ་ཟད། ཛ་དྲག་མྱུར་སྐྱོབ་ཁ་པར་ཨང་གྲངས་ཐོག་འབྲེལ་གཏུག་དགོས་པ་བཅས་བཀོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གར་གྱི་ཊི་རི་བྷུན་(The Tribune)གསར་ཤོག་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་གར་གཞུང་གིས་རྒྱ་ནག་ཝུ་ཧན་ནས་ཕྱིར་འཁྲིད་ཡོང་བའི་མི་སེར་ཁྲོད་ནས་ ༡༥ ཧི་མ་ཅལ་མངའ་སྡེ་ནས་ཡིན་པ་དང་། ད་ལྟའི་ཆར་མི་ ༡༥ དེར་ཏོག་དབྱིབས་ནད་དུག་གི་ནད་རྟགས་གང་ཡང་ཐོན་མེད་ཀྱང་། ཕྱི་སྲིད་ལྷན་ཁང་གི་མི་ ༡༥ དེ་ཡི་གནས་ཚུལ་མངའ་སྡེའི་འཕྲོད་བསྟེན་ལྷན་ཁང་ལ་བསྐུར་ཏེ། མངའ་སྡེ་གཞུང་གིས་དེ་དག་གི་འགྲིམ་འགྲུལ་དང་འགྲོ་འདུག་སྤྱོད་གསུམ་ལ་དོགས་ཟོན་དང་ཚོད་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཁོ་ཚོར་ཉིན་གྲངས་ ༡༤ རིང་རང་ཁྱིམ་ནས་ཕྱིར་མི་ཐོན་པའི་ལམ་སྟོན་བྱས་ཡོད་འདུག དེ་བཞིན་ཕྱི་ཚེས་ ༣ ཉིན་མངའ་སྡེའི་སྤྱི་ཁྱབ་འཕྲོད་བསྟེན་དྲུང་ཆེ་སྐུ་ཞབས་ཨར་ཌི་དྷི་མཱན་(RD Dhiman)ལགས་ཀྱིས། སིམ་ལར་རྟེན་གཞི་བྱས་པའི་ཨིན་དྷ་ར་གྷན་དྷི་སྨན་བཅོས་སློབ་གྲྭ་(Indira Gandhi Medical College)དང་། དྷ་སའི་ཉེ་འཁྲེས་ཊན་ཌ་སྨན་བཅོས་སློབ་གྲྭའི་ཏོག་དབྱིབས་ནད་དུག་འགོག་སྲུང་གི་ལས་གཞིར་བསྐྱར་ཞིབ་བྱས་ཏེ། སྨན་ཁང་དེ་གཉིས་ནང་ཏོག་དབྱིབས་ནད་དུག་ཅན་གྱི་ཆེད་དུ་ལོགས་སུ་ཉལ་ཁང་གྲ་སྒྲིག་བྱས་ཡོད་པ་དང་། དེ་བཞིན་ནད་ཡམས་ལ་ཁ་གཏད་གཅོག་རྒྱུའི་ཆ་རྐྱེན་དང་གྲ་སྒྲིག་ཡོད་སྐོར་བསྒྲགས་འདུག་ལ། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ནང་ཀེ་རེ་ལ་ནས་ཏོག་དབྱིབས་ནད་དུག་ཅན་གྱི་ནད་པ་གསུམ་གཏན་འཁེལ་བྱུང་ཡོད་འདུག

རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ནང་། རྒྱ་ནག་གི་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲངས་ཐོ་ལྟར་ན། ཁ་སང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་བར་རྒྱ་ནག་སྐམ་ས་ཆེན་མོ་གཅིག་པུར་ཏོག་དབྱིབས་ནད་དུག་འགོས་པའི་མི་གྲངས་ ༢༤༥༤༠ དང་། རྐྱེན་འདས་སུ་སོང་བའི་མི་ ༤༩༢ ལ་འཕར་ཡོད་འདུག དེ་བཞིན་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་བསྡོམས་རྩིས་ལྟར་ན། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ནང་ཏོག་དབྱིབས་ནད་དུག་ཅན་མི་ ༡ དང་། མཚོ་སྔོན་དུ་ ༡༥། ཀན་སུའུ་རུ་ ༥༦། ཡུ་ནན་དུ་ ༡༡༧། སི་ཁྲོན་དུ་ ༢༨༢ བཅས་ཡོད་འདུག་ལ། སི་ཁྲོན་དཀར་མཛེས་ཁུལ་གྱི་ནད་པའི་ནང་བོད་རིགས་ཀྱང་ཁག་ཅིག་ཡོད་འདུག  བྷི་བྷི་སི་གསར་ཁང་གི་གྲངས་ཐོ་ལྟར་ན། ཁ་སང་ཕྱི་ཚེས་ ༤ བར་ཝུ་ཧན་གྱི་ཏོག་དབྱིབས་ནད་དུག་དེ་ཤྲི་ལང་ག་ཚུད་པའི་འཛམ་གླིང་རྒྱལ་ཁབ་ ༢༥ ལ་ཁྱབ་ཡོད་པ་མ་ཟད། ཧོང་ཀོང་དང་ཧྥི་ལི་པིན་ནང་ནད་པ་གཉིས་རྐྱེན་འདས་སུ་སོང་ཡོད་འདུག

 

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༢/༠༥

Leave a Reply

One thought on “དྷ་རམ་ས་ལར་ཏོག་དབྱིབས་ནད་དུག་སྐོར་ལམ་སྟོན་གནང་གི་འདུག

  1. གཞུང་པ་ཚེ་དབང་བསོད་ནམས།

    དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལྷན་ཁང་དང་སྨན་རྩིས་ཁང་བཅས་ནས་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ལ་དུས་ཐོག་ནད་ཡམས་སྔོན་འགོག་སྐོར་ལམ་སྟོན་ཕེབས་དགོས་པ་དེ་གལ་ཆེན་དོན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད།