རྒྱ་གར་གཞུང་གི་སྔོན་རྩིས་བཀའ་འཁྲོལ་ནང་སྐྱབས་བཅོལ་བའི་རོགས་དངུལ་ཉུང་འཕྲི་གནང་།

རྩིས་ལོ་ ༢༠༢༠ དང་ ༢༠༢༡ ལོའི་རྒྱ་གར་གྱི་སྔོན་རྩིས་བཀའ་འཁྲོལ་ནང་རྒྱ་གར་ནང་ཡོད་པའི་ཤྲིལེངྒ་དང་བོད་པ། པཱ་ཀི་སི་ཐན་སོགས་སྐྱབས་བཅོལ་བར་རོགས་དངུལ་ཉུང་འཕྲི་གནང་ཡོད་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་གར་དབུས་དཔལ་འབྱོར་ལྷན་ཁང་གིས་རྩིས་ལོ་ ༢༠༢༠ དང་ ༢༠༢༡ ལོའི་སྔོན་རྩིས་བཀའ་འཁྲོལ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་དང་། སྔོན་རྩིས་བཀའ་འཁྲོལ་ནང་རྒྱ་གར་ནང་ཡོད་པའི་ཤྲི་ལེངྒ་དང་བོད་པ། དེ་བཞིན། པ་ཀི་སི་ཐན་དང་བྷང་ལ་ཌི་ཤི་སོགས་ནས་ཡོང་བའི་སྐྱབས་བཅོལ་བར་རོགས་དངུལ་ཆག་ཡང་བཏང་སྟེ་ཁྱོན་ཧིན་སྒོར་ས་ཡ་ ༢༠༥.༨༣ གཏན་འབེབ་གནང་ཡོད་འདུག

འདི་གའི་གསར་འགོད་པས་ནང་སྲིད་དྲུང་ཆེ་ཚེ་དབང་སྒྲོལ་མ་ལགས་སུ་རྒྱ་གར་དབུས་གཞུང་ངལ་སེལ་རོགས་སྐྱོར་ཚན་པས། སྤྱིར་རྒྱ་གར་ནང་ཡོད་པའི་སྐྱབས་བཅོལ་བ་ཚོའི་ངལ་སེལ་རོགས་དངུལ་ཉུང་འཕྲི་ཆེན་པོ་བཏང་བ་དེས་བཙན་བྱོལ་བོད་མིར་ཤུགས་རྐྱེན་ཡོང་མིན་བཀའ་འདྲི་ཞུས་པར་མོས། ད་ལྟའི་ཆར་ང་ཚོར་རག་དགོས་པ་དེ་སྔོན་མ་ནང་བཞིན་རག་གི་ཡོད་པ་རེད། ངལ་སེལ་རོགས་དངུལ་ཉུང་འཕྲི་བཏང་བ་དེས་བོད་མིར་ཤུགས་རྐྱེན་གང་ཡང་སྤྲོད་ཀྱི་མེད་ལ། ང་ཚོར་རྒྱ་གར་གཞུང་ནས་རོགས་དངུལ་མར་བཅག་ཡིན་ལབ་ནས་ཡི་གེ་དེ་འདྲ་གང་ཡང་འབྱོར་མ་བྱུང་། ཞེས་བརྗོད་བྱུང་།

རྒྱ་གར་གཞུང་ནས་སྐྱབས་བཅོལ་བོད་མིར་རོགས་དངུལ་ག་ཚོད་གནང་གི་ཡོད་དྲིས་པར། ང་ཚོ་རྒྱ་བལ་འབྲུལ་གསུམ་དུ་གནས་པའི་བོད་མི་ཚང་མར་ཧིན་སྒོར་ས་ཡ་ ༨༠ རག་གི་ཡོད་ལ། ད་ལྟ་ད་དུང་ལོ་ལྔའི་དུས་ཚོད་རྫོགས་མེད་པ་མ་ཟད། མ་འོངས་པའི་ལོ་ལྔའི་རོགས་སྐྱོར་སླད་སྙན་ཞུ་བརྒྱབ་ཟིན་ཡོད། ད་ལོར་དམིགས་བསལ་གྱིས་ང་ཚོར་ཧིན་སྒོར་ས་ཡ་ ༣༠ ལྷག་མ་རག་གི་ཡོད། དེ་ཡང་ནང་སྲིད་ལས་ཁུངས་ཀྱིས་སྙན་ཞུ་རིམ་པ་ཕུལ་བ་བརྒྱུད། ཀར་ན་ཊ་ཀ་མངའ་སྡེ་གཞུང་ནས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ ༥ སྟེ། སྦེལ་ཀོབ་དང་ཀོ་ལི་གྷལ། ཧོན་སུར། མོན་གྷོ་ཊི། བདེ་སྐྱིད་སླར་གསོ་བཅས་ལ་རོགས་དངུལ་སྤྲོད་རྒྱུ་གནང་ཡོད་པ་རེད། ཅེས་བརྗོད་བྱུང་།

རྒྱ་གར་དཔལ་འབྱོར་དུས་བབ་ཀྱི་གནས་ཚུལ་ནང་། རྒྱ་གར་ནང་ཁ་ཆེའི་རིགས་ལ་མི་སེར་ཐོབ་ཐང་ཐོག་རྩོད་རྙོག་ཤུགས་ཆེན་ཡོང་བཞིན་པའི་སྐབས་འདིར། རྒྱ་གར་དབུས་ངལ་སེལ་རོགས་སྐྱོར་ཚན་པས། བོད་པ་དང་ཤྲི་ལེངྒ། པ་ཀི་སི་ཐན་དང་བྷང་ལ་ཌི་ཤི་སོགས་ནས་ཡོང་བའི་སྐྱབས་བཅོལ་བར་རོགས་དངུལ་རྦད་དེ་ཉུང་འཕྲི་བཏང་ཡོད་སྐོར་བརྗོད་འདུག་ལ། ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ བར་རྒྱ་གར་ནང་ཡོད་པའི་སྐྱབས་བཅོལ་བར་དབུས་ངལ་སེལ་རོགས་སྐྱོར་ཚན་པས་ཧིན་སྒོར་ས་ཡ་ ༡༠༤༧།༧༣ གནང་ཡོད་པ་དང་། ཕྱི་ལོ ༢༠༡༩ ནས་ ༢༠༢༠ བར་ཁྱོན་ཧིན་སྒོར་ས་ཡ་ ༧༩༢།༣༦ གནང་ཡོད་འདུག

ནང་སྲིད་དྲུང་ཆེ་ལགས་ཀྱིས་གསུངས་པ་ལྟར་ན། ལོ་ ༥ རིང་སྙན་ཞུ་ཕུལ་བ་བརྒྱུད་རྒྱ་གར་དབུས་ངལ་སེལ་རོགས་སྐྱོར་ཚན་པས་ཧིན་སྒོར་ས་ཡ་ ༨༠ གནང་བཞིན་པ་དེ། རྒྱ་བལ་འབྲུག་གསུམ་དུ་གནས་པའི་སྐྱབས་བཅོལ་བོད་མིར་འཛུགས་སྐྲུན་དང་། ལས་ཁུངས་ཁག་གི་རྒྱུན་གྲོན་དང་གླ་ཕོགས་སོགས་ཀྱི་ཆེད་དུ་གནང་གི་ཡོད་པ་དང་། རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཞེས་པ་གཏན་འབེབ་གནང་སྟེ། བོད་མི་སྐྱབས་བཅོལ་བ་ཚོས་རྒྱ་གར་ནང་ཁྲིམས་མཐུན་གྱི་ཚོང་ལས་དང་སྨན་ཞབས། དགེ་རྒན། རྩིས་པ་སོགས་ཆེད་ལས་མི་སྣའི་ལས་ཀ་བྱེད་ཆོག་པའི་ཐོབ་ཐང་སོགས་གནང་གི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༠༥

Leave a Reply

One thought on “རྒྱ་གར་གཞུང་གི་སྔོན་རྩིས་བཀའ་འཁྲོལ་ནང་སྐྱབས་བཅོལ་བའི་རོགས་དངུལ་ཉུང་འཕྲི་གནང་།

  1. གཞུང་པ་ཚེ་དབང་བསོད་ནམས

    གནད་དོན་དེ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་ལ་སོང་བོད་མིའི་གསར་འགོད་ཚོའི་
    གནད་དོན་འདིའི་ཐོག་རྒྱུས་ལོན་དང་གསར་རྒྱུར་མ་སྤེལ་ན་ལེགས་པ་མིན་འགྲོ་དེང་སྐབས་རྒྱ་གར་ནང་ CAA དང་ NRC སྐོར་ལབ་གླེང་མང་བའི་སྐབས་འདིར་ང་ཚོའི་ངོས་ནས་གཏན་ལྷིངས་གནང་རྒྱུ་དེ་ང་ཚོའི་རྒྱལ་ཁ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།