གནམ་གྲུར་བརྡབ་སྐྱོན་ཤོར་ནས་འགྲུལ་བ་མང་པོར་རྨས་སྐྱོན་ཕོག

ཊར་ཁི་ཡི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་གློ་བུར་བརྡབ་སྐྱོན་བྱུང་སྟེ་འགྲུལ་བ་གསུམ་རྐྱེན་འདས་དང་འགྲུལ་བ་མང་པོར་རྨས་སྐྱོན་ཕོག་ཡོད་འདུག བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཊར་ཁེ་ཡི་ཨཛ་མར་(Izmir) ཞིང་ཆེན་ནས་གྲོང་ཁྱེར་ཨི་སི་ཊན་བྷོལ་གྱི་རྒྱལ་སྤྱིའི་གནམ་ཐང་(Sabiha Gokcen)དུ་འཕུར་བའི་པེ་གྷ་སོ་སི་མཁའ་འགྲུལ་ཚོང་གཉེར་ཁང་གི་(Pegasus)་གི་གནམ་གྲུ་(737)གནམ་ཐང་དུ་འབྱོར་གྲབས་ཡོད་སྐབས། གློ་བུར་དུ་ཆར་རླུང་དྲག་པོ་བྱུང་བའི་རྐྱེན་གྱིས་གནམ་ཐང་དུ་ཡག་པོ་འབབ་མ་ཐུབ་པར་འདྲུད་བརྡར་ཤོར་ཏེ་གནམ་གྲུ་དུམ་བུ་ ༣ དུ་འཐོར་ཡོད་པ་དང་། གནམ་གྲུའི་ནང་འགྲུལ་བ་ ༡༧༧ དང་། གནམ་གྲུའི་ཁ་ལོ་བ་དང་ཞབས་ཞུ་བ་༦ བཅས་ཁྱོན་མི་གྲངས་ ༡༨༣ ཡོད་པ་ལས། མི་ ༣ རྐྱེན་འདས་སུ་ཕྱིན་པ་དང་མི་ ༡༧༩ ལ་རྨས་སྐྱོན་ཕོག་ཡོད་འདུག

གྲོང་ཁྱེར་ཨི་སི་ཊན་བྷོལ་གྱི་སྲིད་སྐྱོང་ཨ་ལུ་ཡར་ལུ་ག་ཡ་ཞེས་པ་དེས། སྟབས་མ་ལེགས་པ་ཞིག་ལ་པེ་གྷ་སོ་སིའི་གནམ་གྲུ་མར་འབབ་རྩིས་བྱེད་སྐབས། གནམ་གཤིས་གནས་སྟངས་ཡག་པོ་མེད་རྐྱེན་ས་ཁྱོན་མེ་ཊར་ ༦༠ ཙམ་རིང་འདྲུད་བརྡར་ཤོར་ཡོད་པ་དང་། དོན་རྐྱེན་འདིས་ང་ཚོར་སྡུག་བསྔལ་ཆེན་པོ་སྤྲད་བྱུང་། གནམ་གྲུར་མེ་མ་ཤོར་གོང་ཉེན་གཡོལ་ཐུབ་སོང་བར་་དགའ་ཚོར་ཡང་བྱུང་། ཞེས་བརྗོད་ཡོད་པ་དང་། དོན་རྐྱེན་བྱུང་རྗེས་གནམ་ཐང་སྒོ་བརྒྱབ་སྟེ་ས་ཕྱོགས་གཞན་ནས་འཕུར་ཡོང་བའི་གནམ་གྲུ་ཚང་མ་ཕྱིར་ལོག་བཏང་ཡོད་འདུག

ཐེངས་འདིའི་དོན་རྐྱེན་ཁྲོད་ཀྱི་མི་ཕལ་ཆེ་བ་ཊར་ཁེ་མི་མང་ཡིན་པ་དང་། ཕྱིའི་རྒྱལ་ཁབ་ ༡༢ ནས་ཡོང་བའི་ཕྱི་གླིང་བ་ ༢༢ ཡོད་འདུག་ལ། ད་ལྟའི་ཆར་རྐྱེན་འདས་སུ་ཕྱིན་པའི་མི་ ༣ དེ་གང་ནས་ཡིན་སོགས་གསལ་པོ་མི་འདུག

ད་རེས་ནི་པེ་གྷ་སོ་སི་(Pegasus)མཁའ་འགྲུལ་ཚོང་གཉེར་ཁང་གི་གནམ་གྲུར་བརྡབ་སྐྱོན་བྱུང་བ་ཐེངས་དང་པོ་མ་ཡིན་པར། ཉེ་སྔོན་ཕྱི་ཟླ་ ༡ ནང་འགྲུལ་སྐྱེལ་གནམ་གྲུ་ཞིག་གིས་འགྲུལ་བ་ ༡༦༤ འཁྱེར་ནས་གཡང་ལ་མཆོངས་ཡོད་ཀྱང་། སྟབས་ལེགས་པ་ཞིག་ལ་འགྲུལ་བ་ཚོར་རྨས་སྐྱོན་བྱུང་མེད་པ་རེད།

མཁའ་འགྲུལ་ཚོང་གཉེར་ཁང་དེ་ནི་མི་སྒེར་ཞིག་གི་ཡིན་པ་དང་། ཊར་ཁེ་གྲོང་ཁྱེར་ཨི་སི་ཊན་བྷོལ་ནས་ཡུ་རོབ་དང་དཀྱིལ་ཤར་ཡུལ་གྲུ་ཁག དེ་བཞིན། དབུས་ཨེ་ཤ་ཡ་སོགས་སུ་གནམ་གྲུ་ ༩༧ ཙམ་འཕུར་སྐྱོད་བྱེད་བཞིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༠༦

Leave a Reply