མཱ་ལཱ་ལཱར་མེ་མདའ་རྒྱག་མཁན་བཙོན་ནས་ཤོར།

ཕྱི་ལོ་ ༢༠༡༢ ལོར་བུ་མོ་མཱ་ལཱ་ལཱ་ལ་མེ་མདའ་རྒྱག་མཁན་ཐཱ་ལི་བྷན་དྲག་སྤྱོད་ཚོགས་པའི་མགྲིན་ཚབ་པ་ཟུར་པ་ཨེ་སཱ་ནུ་ལ་ཨེ་སན་བཙོན་ཁང་ནས་བྲོས་བྱོལ་དུ་ཕྱིན་ཡོད་འདུགདེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༤ ལོར་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་པཱ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་ (Malala Yousafzai) ལ་མེ་མདའ་རྒྱག་མཁན་ཐཱ་ལི་བྷན་འཇིགས་སྐུལ་དྲག་སྤྱོད་ཚོགས་པའི་མགྲིན་ཚབ་པ་ཟུར་པ་ཨེ་སཱ་ནུ་ལ་ཨེ་སན་ (Ehsanullah Ehsan) ཟེར་བ་དེ། ཉེ་སྔོན་པཱ་ཀི་སི་ཐན་གྱི་བཙོན་ཁང་ནས་བྲོས་བྱོལ་དུ་ཕྱིན་ཡོད་སྐོར་གྱི་སྒྲ་ཞིག་ཕྱིར་བསྒྲགས་བྱས་ཡོད་འདུག

སྒྲ་དེའི་ནང་ཨེ་སཱ་ནུ་ཡིས། དཀོན་མཆོག་གི་རོགས་སྐྱོར་འོག་ང་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༡ ཉིན་བདེ་སྲུང་མི་སྣའི་བཙོན་ཁང་ནས་བྲོས་ཐུབ་སོང་། ཞེས་དང་། པཱ་ཀི་སི་ཐན་གཞུང་ནས་ཁོས་མགོ་བཏགས་ཞུ་སྐབས་ཀྱི་ཆ་རྐྱེན་ཁས་ལེན་རྣམས་བསྒྲུབས་ཐུབ་མེད་སྐོར་དང་། མི་རིང་བར་ཁོས་བཙོན་ཁང་གི་གནས་སྟངས་སྐོར་བསྒྲགས་གཏམ་ཞིབ་ཚགས་ཤིག་སྤེལ་རྒྱུ་ཡིན་སྐོར་ཡང་བརྗོད་འདུག

རྒྱ་གར་གྱི་གསར་ཁང་Sunday Guardian ལ་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཚེས་ ༡༢ ཉིན་ཨེ་སཱ་ནུ་ལ་ཨེ་སན་བྲོས་བྱོལ་དུ་ཕྱིན་པའི་ཕྱི་ཉིན་དེར། པཱ་ཀི་སི་ཐན་གཞུང་དམག་གིས་ཨེ་སཱ་ནུ་ལ་ཨེ་སན་གྱི་ཕ་ཡུལ་མོ་མན་རྫོང་སཱ་གྷི་བྷ་ལཱ་གྲོང་གསེབ་ཏུ་བཀག་སྡོམ་བྱས་པ་མ་ཟད། ཨེ་སཱ་ནུ་ལ་ཨེ་སན་གྱི་ཕ་རྒན་ཤིར་མུ་ཧཱམ་མཱ་ཌི་དང་། སྤུན་མཆེད་ཤཱ་ཧྥིག་དང་ཨ་ཞང་ཤར་བྷ་ཤ་བཅས་ལ་ཨེ་སཱ་ནུ་ལ་ཡི་གནས་ཚུལ་མཁོ་སྤྲོད་དགོས་པའི་བཀའ་བཏང་ཡོད་ཀྱང་། ད་ལྟའི་ཆར་པཱ་ཀི་སི་ཐན་གཞུང་གིས་ཨེ་སཱ་ནུ་ལ་ཨེ་སན་གྱི་བྲོས་བྱོལ་སྐོར་གསལ་བཤད་གང་ཡང་བྱས་མེད་པ་རེད།

ཨེ་སཱ་ནུ་ལས་ཕྱི་ལོ་ ༢༠༡༢ ལོར་བུད་མེད་ལ་ཤེས་ཡོན་གྱི་ཐོབ་ཐང་འདྲ་མཉམ་དགོས་པའི་ལས་འགུལ་གྱི་སྣེ་འཁྲིད་པ་བུ་མོ་མཱ་ལཱ་ལཱར་མེ་མདའ་བརྒྱབ་སྟེ་སྨས་སྐྱོན་ཚབས་ཆེན་བཏང་ཡོད་པ་དང་། ཡང་ཕྱི་ལོ་ ༢༠༡༤ ལོར་པཱ་ཀི་སི་ཐན་གྱི་དམག་སྒར་སློབ་གྲྭ་ཞིག་ནང་དྲག་རྒོལ་བྱས་ཏེ་སློབ་མ་ ༡༣༤ དང་། དགེ་རྒན་ ༡༥ རྐྱེན་འདས་བཏང་རྗེས། ཕྱི་ལོ་ ༢༠༡༧ ལོར་ཁོས་པཱ་ཀི་སི་ཐན་གྱི་དམག་ལ་མགོ་བཏགས་ཞུས་ཡོད་པ་རེད།

ད་ལྟའི་ཆར་སྤྱི་ཚོགས་དྲ་ལམ་དུ་ཁྱབ་པའི་སྒྲ་དེ་ཚད་ལྡན་ཡིན་མིན་ངེས་གཏན་བཟོ་ཐུབ་ཀྱི་མེད་ཀྱང་།  གྷལ་ཧྥི་(Gulf News) ཞེས་པའི་གསར་ཁང་གིས་པཱ་ཀི་སི་ཐན་ནང་ཡོད་པའི་འབྲེལ་ཡོད་མི་རེ་ཟུང་གིས་སྐད་ཆ་བཤད་མཁན་དེ་ཨེ་སཱ་ནུ་ལ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༢/༠༧

Leave a Reply