དེ་རིང་གླེང་གཞི་ཆེན་པོར་གྱུར་བའི་ཝུ་ཧན་གྱི་དཔའ་བོ་གཉིས།

རྒྱ་ནག་གི་གློ་བའི་འགོས་ནད་གསར་པ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་བསྟུན། རྒྱ་ནག་མི་མང་གིས་སྲིད་གཞུང་ལ་འཁོན་འཛིན་ཤུགས་ཆེ་རུ་ཕྱིན་ཏེ་གཞུང་རྒོལ་གྱི་སྐད་ཆ་མང་པོ་སྤེལ་གྱི་ཡོད་པ་རྣམས་དྲ་ལམ་ནས་ནག་གསུབ་གཏོང་གི་ཡོད་ན་ཡང་། མི་མང་གིས་དར་འཕྲིན་ཚོགས་པ་(Telegram)སོགས་བཙུགས་ནས་སྲིད་གཞུང་གི་བྱེད་སྟངས་ལ་སྐྱོན་བརྗོད་དྲག་པོ་བྱེད་བཞིན་ཡོད་པ་མ་ཟད།  དྲུག་བཞིའི་དམངས་གཙོའི་ལས་འགུལ་སྐབས་ཀྱི་འབོད་ཚིག་སྟེ། ང་ཚོ་ཕམ་གྱི་མ་རེད་ལ། ང་ཚོས་གཤེད་མ་ཚོར་རང་དབང་གི་རླུང་བུ་གཡུག་མཚམས་འཇོག་གི་མིན་ཞེས་བཀོད་པའི་ཕྲེད་དར་སྐུར་བ་དང་། ཡང་ཁ་ཤས་ཀྱིས་ཕྱི་ལོ་ ༡༩༡༡ ལོའི་ཝུའུ་ཁྲང་ཡར་ལངས་(Wuchang Uprising)འབྱུང་དགོས་པའི་དྲན་སྐུལ་སོགས་བྱེད་བཞིན་ཡོད་འདུག་ལ། ཝུའུ་ཁྲང་ཡར་ལངས་ནི་ཝུ་ཧན་གྲོང་ཁྱེར་མི་མང་གིས་ཆིན་གོང་མས་དབང་བསྒྱུར་ལ་ངོ་རྒོལ་ཡར་ལངས་བྱས་པའི་ལས་འགུལ་ཞིག་ཡིན་པ་དང་། ལས་འགུལ་དེའི་ཁྲོད་རྒྱ་ནག་གི་རྒྱལ་བོའི་དབང་བསྒྱུར་ལམ་ལུགས་རྩ་རྫོགས་བཏང་ཡོད་པ་རེད།

ཉེས་མེད་ཉེས་འགེལ་བྱས་པའི་སྨན་པ་ལི་སྐུ་གྲོངས།དེ་རིང་ཞོགས་པར་ཝུ་ཧན་ལྟེ་གནས་སྨན་ཁང་གིས་ཝེ་པོ་སྤྱི་ཚོགས་དྲ་གནས་སུ་ཡོངས་བསྒྲགས་ཤིག་སྤེལ་ཏེ།  གློ་བའི་འགོས་ནད་གསར་པའི་འཐབ་རྩོད་ཁྲོད། ང་ཚོའི་སྨན་ཁང་གི་མིག་དཔྱད་སྨན་པ་ལི་ཝིན་ཉིང་ལགས་འདས་གྲོངས་སུ་ཕྱིན་པ་དང་། ང་ཚོས་ཁོང་གི་འགོས་ནད་དྲག་སྐྱེད་ཡོང་བར་ཐབས་ཤེས་གང་ཡོད་བྱས་ཀྱང་ཕན་འབྲས་བྱུང་མ་སོང་ལ། ཁོང་འདས་གྲོངས་སུ་སོང་བར་ང་ཚོས་མྱ་ངན་གུས་འདུད་ཞུ་བཞིན་ཡོད་ཅེས། ཁ་སང་ཉིན་རྒྱབ་པེ་ཅིན་གྱི་ཆུ་ཚོད་ ༢:༥༨ སྟེང་ཝུ་ཧན་གྱི་གློ་བའི་འགོས་ནད་གསར་པའི་ཉེན་བརྡ་ཐོག་མ་གཏོང་མཁན་དང་། དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་ཉེས་ཆད་ཕོག་པའི་སྨན་པ་ལི་ཝིན་ཉིང་(Li Wenliang)ལགས་གློ་བའི་འགོས་ནད་ཀྱིས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་གི་ཤུལ་དུ་ལྷག་པའི་བཟའ་ཟླ་སྦྲུམ་མ་དེ་ལའང་འགོས་ནད་བྱུང་སྟེ་གནས་སྟངས་ཛ་དྲག་ཆགས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

སྨན་པ་ཁོང་འདས་གྲོངས་སུ་སོང་བའི་གནས་ཚུལ་ཐོན་རྗེས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཛ་དྲག་འཕྲོད་བསྟེན་ལས་འཆར་འགན་འཛིན་སྐུ་ཞབས་(Michael Ryan)ལགས་ཀྱིས། ང་ཚོས་འགོས་ནད་གཡུལ་འཐབ་ཁྲོད་ཀྱི་མདུན་མཆོང་པ་ཞིག་འདས་གྲོངས་སུ་སོང་བར་སེམས་གཏིང་ནས་གཟོད་གསོལ་ཞུ་བཞིན་ཡོད་ལ། ང་ཚོས་མ་འོངས་པར་ཁོང་གི་མི་ཚེ་ལ་ཕྱིར་དྲན་དང་འདས་གྲོངས་སུ་སོང་བར་མྱ་ངན་ཞུ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། རྒྱ་ནག་ཧྲན་ཞི་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་ཝེ་པོ་སྤྱི་ཚོགས་དྲ་ལམ་དུ་སྨན་པ་ལི་ལ་མྱ་ངན་ཞུ་ཚིག་ཅིག་སྤེལ་ཏེ། སྲིད་གཞུང་གིས་མི་མང་ལ་སྐྱོན་བརྗོད་དང་སྨྲ་བརྗོད་རང་དབང་སྤྲོད་དགོས་པ་དང་། མི་མང་ལ་སྐྱོན་བརྗོད་བྱེད་པའི་རང་དབང་མེད་ན། ཤུལ་དུ་ལྷག་པ་ནི་རྫུན་གཏམ་ཁོ་ན་མ་གཏོགས་མེད་སྐོར་བརྗོད་འདུག དེ་བཞིན་རྒྱ་ནག་གི་ཡིག་ཚགས་དུས་དེབ(ChinaFile)ཀྱི་རྩོམ་སྒྲིག་པ་མོ་ཡེ་ཞའོ(Muyi Xiao)ཡིས་ཝེ་པོ་རུ། གསར་འགོད་པ་ཞིག་ཡིན་པའི་ཆ་ནས་སྨན་པ་ལི་ཝིན་ཉིང་འདས་གྲོངས་སུ་སོང་བའི་དུས་ཚོད་དེ་གཞུང་གིས་བཤད་ལྟར་ངོས་ལེན་མི་ཐུབ་པ་དང་། ང་ཚོར་སྨྲ་བརྗོད་རང་དབང་དགོས་ཀྱི་འདུག་ལ་ང་ཚོས་སྨྲ་བརྗོད་རང་དབང་སྤྲོད་པའི་རེ་འདུན་ཞུ་བཞིན་ཡོད་ཅེས་སྤེལ་བར་དུས་ཡུན་ཐུང་ཐུང་ནང་མི་གྲངས་ས་ཡ་ ༢ ལྷག་གིས་ལྟ་ཀློག་དང་དགའ་བསུའི་ཞབས་མཆན་བཀོད་ཡོད་འདུག

སྨན་པ་འདས་པོ་ལི་ཝིན་ཉིང་ལགས་ཀྱིས་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༣༡ ཉིན་སྨན་པའི་སྐད་འཕྲིན་དྲ་ཚོམས་ཤིག་གི་ནང་དུ། ཁོའི་སར་ནད་པ་བདུན་ཙམ་བསླེབས་ཡོད་པ་དང་། ནད་པ་མང་ཆེ་བར་ངོས་མི་ཟིན་པའི་(SARS)དང་འདྲ་བའི་ན་ཚ་ཞིག་བྱུང་ཡོད་པས། སྨན་པ་ཚོས་བདེ་འཇགས་ལ་ཡིད་གཟབ་དགོས་པའི་དྲན་སྐུལ་དང་། ཝུ་ཧན་གྲོང་ཁྱེར་འཕྲོད་བསྟེན་ལྷན་ཚོགས་ལ་འགོས་ནད་གསར་པ་ཞིག་བྱུང་ཡོད་པ་དང་། ནད་འབུ་དེ་རྒྱ་མཚོའི་ཟས་རིགས་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཡར་ཞུ་བྱས་རྗེས། ཝུ་ཧན་གྲོང་ཁྱེར་ཉེན་རྟོག་པས་ཁོང་ལ་དཀྲོག་གཏམ་སྤེལ་བའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། རྒྱལ་ཡོངས་དབུས་བརྙན་འཕྲིན་ཁང་སོགས་ནས་འགོས་ནད་སྐོར་ལ་དཀྲོག་གཏམ་སྤེལ་མཁན་མི་བརྒྱད་འཛིན་བཟུང་བྱས་ཡོད་སྐོར་ཤུགས་ཆེན་བསྒྲགས་ཏེ། ལི་ཝིན་ཉིང་ལགས་ནས་ནག་ཉེས་ངོས་ལེན་བྱས་ཡོད་ལུགས་ཀྱི་མཛུབ་ཐེལ་བརྒྱབ་པའི་ཡི་གེ་ཞིག་ཀྱང་བཀྲམ་ཡོད་པ་རེད།

སྙིང་སྟོབས་ཅན་གྱི་གསར་འགོད་པ།མདང་དགོང་དམངས་གསར་འགོད་པ་ཁྲིན་ཆུས་ཧྲི་ཡི་ཨ་མས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྙན་ཐུང་ཞིག་སྤེལ་ནས་མོའི་བུ་ཁ་སང་ཕྱི་དྲོའི་ཆུ་ཚོད་ ༢ ཙམ་ལ་ཝུ་ཧན་ཧྥན་ཚཱའེ(Fangcai Hospital)སྨན་ཁང་དུ་ཕྱིན་རྗེས་ཁྱིམ་མི་དང་འབྲེལ་ལམ་ཆད་སོང་བས། ད་ལྟ་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད་པས་དོ་སྣང་ཅན་དང་ལྷག་པར་དུ་ཝུ་ཧན་ནང་གནས་སྡོད་གྲོགས་པོ་ཚོས་ཁོང་གི་གནས་སྟངས་སྐོར་དང་ཁོང་གང་དུ་ཡོད་མེད་ཤེས་རྟོགས་ཡོང་ཐབས་བྱེད་རོགས་ཞེས་འབོད་སྐུལ་བྱས་ཡོད་པ་དང་། མི་མང་པོས་བརྙན་ཐུང་དེ་ལ་དོ་སྣང་ཆེན་པོ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་མ་ཐག་ཝེ་པོ་དྲ་ལམ་ནས་བརྙན་དེ་ནག་གསུབ་བཏང་ཡོད་འདུག

པེ་ཅིན་དུ་ཡོད་པའི་ཁོང་གི་གྲོགས་པོ་ཞུ་ཞོ་ཏུང་(Xu Xiaodong)ཞེས་པ་ཞིག་གིས་ཁྲིན་ཆུས་ཧྲི་ཕྱི་ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༣ པར་ཝུ་ཧན་ས་གནས་ཉེན་རྟོག་པའི་ཁོང་གི་སྡོད་གནས་ནས་བཀག་ཉར་བྱས་ཡོད་སྐོར་བརྗོད་ཡོད་ན་ཡང་། ད་ལྟའི་ཆར་ཁོང་ལ་སུས་ཀྱང་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་རེད། ཡང་ཧོང་ཀོང་ན་ཡོད་པའི་ཁྲིན་གྱི་གྲོགས་པོ་ཞིག་གིས་ཁྲིན་ཆུས་ཧྲི་ལ་ཁ་པར་འགྲོ་ཡི་འདུག་ཀྱང་ལན་རྒྱག་མཁན་མེད་པ་དང་། ཁོང་གི་ཏི་ཝེ་ཏིར་དང་ཡུ་ཊོབ་སོགས་ལ་ཁོས་བདག་པོ་བྱེད་ཀྱི་ཡོད་ལ། མུ་མཐུད་ཁོང་གི་སྐོར་ལ་རྒྱུས་ལོན་བྱེད་བཞིན་ཡོད་སྐོར་བཀོད་ཡོད་པ་རེད།སྤྱི་དམངས་གསར་འགོད་པ་ཁྲིན་ཆུས་ཧྲི་འདི་ལོའི་ཕྱི་ཟླ་ ༡ ཚེས་  ༩ ཉིན་ཝུ་ཧན་གྲོང་ཁྱེར་དུ་ཆེད་སྐྱོད་ཀྱིས། ཝུ་ཧན་གྲོང་ཁྱེར་གྱི་སྨན་ཁང་དང་ཚོང་ར། སྟོང་ལྷང་ངེར་ཡོད་པའི་ཁྲོམ་སྲང་སོགས་སུ་ཕྱིན་ཏེ་སྔ་གཞུག་ཏུ་བརྙན་མི་འདྲ་བ ༤ སྤེལ་ཏེ། ཁོ་རང་གིས་དངོས་སུ་མཐོང་ཐོས་བྱུང་བ་རྣམས་ཇི་བཞིན་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད ཁོ་རང་ནད་པ་ཡིན་ཁུལ་གྱིས་དངོས་སུ་སྨན་ཁང་ཁག་ཏུ་ཕྱིན་ནས་མི་མང་གི་གནས་སྟངས་ལ་རྒྱུས་ལོན་བྱས་པ་བརྒྱུད། དང་ཐོག་ཝུ་ཧན་གྲོང་ཁྱེར་གྱི་སྨན་ཁང་ཁག་ཏུ་ཆུ་ཚོད་མང་པོར་འཚང་ཁ་ཤིག་ཤིག་གིས་སྨན་པར་བསྟེན་གཏུག་བྱེད་མཁན་ཡོད་ཀྱང་།  ཕྱི་ཟླ་ ༡ ཚེས་ ༢༢ ནས་བཟུང་གྲོང་ཁྱེར་ཧྲིལ་པོའི་ས་མཚོ་གནམ་གྱི་འགྲིམ་འགྲུལ་བཀག་སྡོམ་བྱས་པ་དང་། སྨན་ཁང་ཁག་ལ་སྨན་བཅོས་གང་ལེགས་བྱེད་པའི་ཆ་རྐྱེན་མེད་པར་བརྟེན། རིམ་གྱིས་སྨན་པར་སྟོན་མཁན་ཉུང་དུ་ཕྱིན་ནས་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་རང་ཁྱིམ་དུ་འཛུལ་ནས་བསྡད་ཡོད་པ་དང་། མི་མང་པོ་རང་ཁྱིམ་དང་ཁྲོམ་སྲང་སོགས་ན་འགོས་ནད་ཀྱིས་འདས་གྲོངས་སུ་འགྲོ་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་འདས་པོ་དང་ནད་པའི་གྲངས་འབོར་གསང་བ་བྱེད་བཞིན་ཡོད་སྐོར་དང་། ཁོ་རང་མ་ཤི་བར་དུ་ག་རེ་མཐོང་བ་དང་ག་རེ་ཐོས་པའི་གནས་ཚུལ་རྣམས་དྲང་བདེན་གྱི་ཐོག་ནས་སྤེལ་རྒྱུ་ཡིན་པ་མ་ཟད། ཁོའི་རྒྱབ་ན་དམར་ཤོག་ཚོགས་པའི་རྗེས་འདེད་དང་མདུན་ན་འགོས་ནད་ཡོད་ཀྱང་། མི་མང་གི་བདེ་སྡུག་དང་དོན་དངོས་གནས་ཚུལ་ཐད་ཚེ་སྲོག་འབུལ་བའི་ཆོད་སེམས་ཡོད་པ་སོགས་བརྗོད་ཡོད་པ་རེད།

བོད་མི་དང་གློ་བའི་འགོས་ནད་གསར་པ།  

རྒྱ་ནག་གཞུང་གི་གནས་ཚུལ་ལྟར་ན། བོད་ཁུལ་ན་གློ་བའི་འགོས་ནད་ཕོག་པའི་ནད་པ་ཉུང་མཐར་ ༧ ཡོད་པ་དང་། ད་ལྟའི་ཆར་བོད་ཁུལ་གྱི་དགོན་སྡེ་ཁག་དང་ཚོགས་པ། དེ་བཞིན་མི་སྒེར་སོགས་ནས་འགོས་ནད་འགོག་སྲུང་བྱེད་ཐབས་སྐོར་ལ་ལམ་སྟོན་གོ་རྟོགས་སྤེལ་བ་དང་རྒྱུ་དངོས་རོགས་རམ་མང་པོ་གནང་བཞིན་ཡོད་པ་ལྟར། སེར་འབྲས་དགའ་གསུམ་དང་གཙུག་ལག་ཁང་། མཚུར་ཕུ་དགོན། སྐུ་འབུམ་དགོན། བཀྲ་ཤིས་ལྷུན་པོ་དགོན།  རྒྱ་ནག་གཞུང་གིས་པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་ལགས་ སོགས་དགོན་པ་དང་བླ་བྲང་ཁག་ ༢༠ ཡས་མས་ཀྱིས་ཁྱོན་རྒྱ་སྒོར་ས་ཡ་ ༧ (༧.༢༥༠.༧༥༦)ལྷག་གནང་ཡོད་འདུག

ཁ་སང་རྒྱ་ནག་བོད་སྐད་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧུའུ་པའེ་ཞིང་ཆེན་གྱི་ཝུ་ཧན་བོད་ལྗོངས་སློབ་འབྲིང་ནང་བོད་ཀྱི་སློབ་མ་མང་པོ་ཞིག་ལུས་ཡོད་པ་མ་ཟད། ཁོང་ཚོའི་ཁྱིམ་མི་ ༦༢ ཀྱང་ཝུ་ཧན་དུ་ཡོད་ལུགས་དང་། སྲིད་གཞུང་གིས་བོད་རིགས་ཁྱིམ་བདག་དང་སློབ་མ་ཚོར་ཁ་རས་སྤྲད་དེ་གློ་བའི་འགོས་ནད་སྔོན་འགོག་དང་། ཞིང་ཆེན་གཞན་ནས་སྔོ་ཚལ་སོགས་དབོར་འདྲེན་གྱིས་བཟའ་ཆས་འདང་ངེས་དང་སྡོད་གནས་རིན་མེད་གོ་སྒྲིག་བྱས་ལུགས་སོགས་བསྒྲགས་འདུག

ལྡབ་བཅུ་ལས་མང་བའི་གསང་བ་ཞིག་ཐོན།དེ་རིང་ཕྱི་ཚེས་ ༧ ཉིན། རྒྱ་ནག་གཞུང་གི་འཕྲོད་བསྟེན་བདེ་ཐང་ལྷན་ཚོགས་ཀྱིས་གནས་ཚུལ་བསྒྲགས་པ་ལྟར་ན། ཕྱི་ཚེས་ ༦ ཉིན་བར་དུ་རྒྱ་ནག་རྒྱལ་ཡོངས་སུ་ཝུ་ཧན་གློ་ཚད་འགོས་ནད་རྐྱེན་གྱིས་འདས་གྲོངས་སུ་སོང་བ་ ༦༣༧ དང་འགོས་ནད་བྱུང་ཡོད་པའི་མི་ ༣༡༢༡༡། དོགས་གཞི་ཅན་ ༢༦༣༥༩ དང་དྲག་སྐྱེད་བྱུང་བའི་ནད་པ་ ༡༥༤༢ ཡོད་པ། དེ་བཞིན་ཁ་སང་ཉིན་གཅིག་རིང་མི་གྲངས་ ༧༣ འདས་གྲོངས་སུ་ཕྱིན་སྐོར་བརྗོད་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༦ ཉིན།རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༢ ཚེས་ ༡ ཉིན་རྒྱ་ནག་གི་འཕྲུལ་རིག་བཟོ་ལས་ཁང་ཆེ་ཤོས་ (Tencent) ཡི་དྲ་ངོས་སུ་རིམས་ནད་སྐོར་གྱི་གྲངས་ཐོ་ཞིག་སྤེལ་བའི་ནང་། གློ་བའི་འགོས་ནད་ཁྲོད་འདས་གྲོངས་སུ་ཕྱིན་པའི་གྲངས་ ༢༤༥༨༩ དང་དྲག་སྐྱེད་བྱུང་བ་ ༢༦༩། འགོས་ནད་གཏན་འཁེལ་བྱུང་བ་ ༧༩༨༠༨ བཀོད་ཡོད་སྐོར་བརྗོད་འདུག་ལ། དེ་ནི་རྒྱ་ནག་གཞུང་གིས་ཉིན་དེར་བསྒྲགས་པའི་ནད་པའི་གྲངས་འབོར་ལས་ལྡབ་ ༡༠ ཡིས་མང་བ་ཡོད་པ་དང་། ཕྱིས་སུ་བཟོ་ལས་ཁང་གིས་གཞུང་འབྲེལ་གྱི་གྲངས་འབོར་ཇི་བཞིན་བཀོད་ནས་བརྗེ་བོ་བརྒྱབ་ཡོད་འདུག  མང་པོ་ཞིག་གིས་གྲངས་འབོར་དེ་འཕྲུལ་ཆས་ཀྱི་སྐྱོན་གནད་ཅིག་གིས་བྱུང་བ་ཡིན་སྲིད་སྐོར་བརྗོད་ཀྱི་འདུག ཡང་ཁ་ཤས་ཀྱིས་འབྲེལ་ཡོད་ཀྱི་མི་ཞིག་གིས་གྲངས་འབོར་ངོ་མ་ཕྱིར་བསྒྲགས་ཐབས་བྱས་པའི་ཚོད་དཔག་བྱེད་ཀྱི་འདུག་ལ། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས་ཀྱང་སྤྱི་ཡོངས་ཀྱི་གྲངས་འབོར་རྒྱ་ནག་གཞུང་གིས་བསྒྲགས་པ་ལས་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ཨ་རིའི་གསར་ཁང་ (The Wall Street Journal) དང་རྒྱ་ནག་ནང་གི་ཚའེ་ཇིན་དུས་དེབ་ (Caijing)སོགས་ཀྱིས་ཀྱང་རྒྱ་ནག་གཞུང་ནས་སྒྲོག་བཞིན་པའི་གྲངས་འབོར་དེ་ལ་དོགས་པ་ཡོད་ཚུལ་བརྗོད་ཡོད་པ་རེད།

དེ་རིང་ཕྱི་ཚེས་ ༧ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་སྔར་ལས་དྲ་ལམ་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད། འགོས་ནད་སྐོར་གྱི་བརྙན་ཐུང་དང་དྲ་མང་གིས་སྤེལ་བའི་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་ཚིག་བརྗོད་རིགས་ནག་གསུབ་གཏོང་གི་ཡོད་པ་དང་། དེ་རིང་རྒྱ་ནག་གཞུང་གི་དྲ་རྒྱ་ལྟ་རྟོག་ལས་ཁུངས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། འགོས་ནད་ཀྱི་གཡུལ་འཐབ་ལ་ཕན་ཐོགས་ཆེད་ལས་ཁུངས་དེས་དྲ་རྒྱའི་སྤྱི་ཚོགས་ལ་དམ་དྲག་བྱས་ཏེ་དྲ་རྒྱའི་ཁོར་ཡུག་གཙང་མ་དང་མི་མང་གི་ལུས་སེམས་ཞི་འཇགས་ཡོང་ཐབས་སུ་བརྙན་ཐུང་རིགས་བཀག་འགོག་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་པ་དང་བསྟུན། ལས་ཁུངས་དེས་གནས་ཚུལ་རྫུན་མ་བཀག་འགོག་ལ་ཁ་གཡར་ཏེ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཆེ་ཤོས་ཝེ་པོ་དང་སྐད་འཕྲིན། པེ་ཏུའུ་སོགས་ཀྱི་ནང་སྤེལ་བའི་གནས་ཚུལ་ཁག་ལ་རྟོག་ཞིབ་དང་། རྒྱ་ནག་ནང་ཁྱབ་ཆེ་བའི་བརྙན་ཐུང་སྤེལ་སའི་(Pipi Gaoxiao)ཟེར་བའི་མཉེན་ཆས་ཕབ་ལེན་མ་ཁུངས་ནས་བླངས་ཡོད་པ་མ་ཟད། མི་སྒེར་ཟིན་བྲིས་དང་ཝེ་པོ་མི་སྒེར་དྲ་ཁུངས་མང་པོ་ཞིག་ནག་གསུབ་བཏང་ཡོད་སྐོར་སོགས་བརྗོད་འདུག

ཁ་སང་ཕྱི་ཚེས་ ༦ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་ཨ་རིའི་སྐྱེས་དངོས་ཚན་རིག་གྷ་ལའེ་དྷི་(Gilead Sciences)སྨན་སྦྱོར་བཟོ་གྲྭས་བཟོ་སྐྲུན་བྱས་པའི་སྨན་རཱམ་དྷེ་སི་ཝར་(Remdesivir)ཞེས་པ་དེ་གློ་བའི་འགོས་ནད་གསར་པར་བཀོལ་སྤྱོད་མགོ་བཙུགས་ཡོད་པ་དང་། ཨ་རིའི་སྨན་སྦྱོར་ཁང་གི་འགན་འཛིན་སྐུ་ཞབས་ཁའོ་བྷན་(Cao Bin)གྱིས་གསར་འགོད་པར། ད་ལྟའི་ཆར་སྨན་དེ་འགོས་ནད་ཤུགས་ཆེར་ཁྱབ་ཡོད་པའི་ཝུ་ཧན་ཇན་ཡན་ཐན(Jinyintan Hospital)སྨན་ཁང་དང་ཧུའུ་པའེ་གཞུང་འབྲེལ་སྨན་ཁང་སོགས་ཀྱི་ནད་པར་སྤྱོད་ཀྱི་ཡོད་ཀྱང་སྨན་ནུས་ཐོན་རྒྱུར་དུས་ཡུན་ཅུང་ཙམ་དགོས་སྐོར་བརྗོད་ཡོད་པ་དང་། སྨན་འདི་དེ་སྔོན་(Sars)དང་(Mers)འགོས་ནད་སོགས་ལ་དམིགས་ཏེ་འགོས་ནད་ཅན་གྱི་སེམས་ཅན་མང་པོར་བརྟག་དཔྱད་བྱས་ཏེ་བཟོས་ཡོད་པ་དང་། སྨན་དེས་འགོས་ནད་མང་པོར་ནུས་པ་ཆེན་པོ་ཐོན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༢/༠༧

Leave a Reply