ཨ་རིའི་རྒྱལ་ཡོངས་སྨོན་ལམ་འདུ་འཛོམས་ཐོག་༧པཎ་ཆེན་མཆོག་གླེང་སློང་གནང་།

ཨ་རིའི་རྒྱལ་ཡོངས་ཞོགས་ཇའི་སྨོན་ལམ་འདུ་འཛོམས་སྟེང་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་༧པན་ཆེན་རིན་པོ་ཆེ་མཆོག་གཙོ་བོར་གྱུར་བའི་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་མི་རྣམས་ལ་སྨོན་ལམ་འདེབས་བཞིན་ཡོད་སྐོར་གསུངས།ཁ་སང་ཕྱི་ཚེས་ ༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སི་རུ་ཨ་རིའི་རྒྱལ་ཡོངས་ཞོགས་ཇའི་སྨོན་ལམ་འདུ་འཛོམས་ (National Prayer Breakfast)ཐེངས་ ༦༨ པ་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་སྲིད་འཛིན་གཞོན་པ། དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོ་དང་འཐུས་མི། དེ་བཞིན་ཆེད་དུ་གདན་འདྲེན་ཞུས་པའི་སྐུ་མགྲོན་སོགས་མི་གྲངས་ ༣༠༠༠ ལྷག་འདུ་འཛོམས་གནང་ཡོད་འདུག

ཐེངས་འདིར་ཨ་རིའི་རྒྱལ་ཡོངས་ཞོགས་ཇའི་སྨོན་ལམ་འདུ་འཛོམས་སྟེང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་མགྲོན་འབོད་གནང་ཡོད་པ་ལྟར་མཉམ་ཞུགས་གནང་ཡོད་པ་དང་།  ཁོང་དམིགས་བསལ་སྐུ་མགྲོན་གྱི་གྲས་སུ་ངོ་སྤྲོད་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་དམ་དྲག་དང་རྩ་གཏོར་གཏོང་གི་ཡོད་པའི་བརྙན་ཐུང་ཞིག་ཀྱང་གཟིགས་འབུལ་གནང་ཡོད་འདུག

འདུ་འཛོམས་སྟེང་བོད་དོན་སྐོར་ལ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་གིས། དེ་རིང་འདིར་ཆོས་ལུགས་དད་མོས་ཀྱི་རྒྱུ་མཚན་ལ་བརྟེན་ནས་བཙན་གནོན་དང་། གར་སོང་ཆ་མེད། དམར་གསོད་ཐེབས་བཞིན་པའི་མི་གྲངས་ས་ཡ་མང་པོའི་ཆེད་དུ་འབོད་སྒྲ་འདོན་པར་རྒྱབ་སྐྱོར་བྱེད་མཁན་འདི་རུ་འཛོམས་པ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ང་ཚོས་མཉམ་དུ་༧པཎ་ཆེན་བླ་མ་མཆོག་གཙོ་བོར་གྱུར་བའི་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་མི་རྣམས་དང་། རང་གི་ཆོས་ལུགས་དད་མོས་ཀྱིས་རྐྱེན་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཡོངས་ཀྱི་ཆེད་དུ་སྨོན་ལམ་འདེབས་བཞིན་ཡོད་ལ། དེ་བཞིན་རང་གི་ཁྱིམ་ནས་བཙན་ཁྲིད་བྱས་ཏེ་བཀག་སྐྱིལ་ཁང་དུ་བཅུག་ཡོད་པའི་ཡུ་གུར་མི་རིགས་ས་ཡ་ ༢ ཙམ་ལ་སྨོན་ལམ་འདེབས་བཞིན་ཡོད། ཅེས་གསུངས་འདུགཡང་སྨོན་ལམ་འདུ་འཛོམས་ཐོག་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨ་རིའི་ཆོས་དད་རང་དབང་གི་གནས་སྟངས་དང་འབྲེལ། ང་ཚོས་ག་རེ་བྱས་ཀྱང་ཚང་མ་ཆོས་དད་རང་དབང་ཚུད་པའི་རང་དབང་སྲུང་སྐྱོབ་བྱེད་ཐུབ་པའི་རིག་གཞུང་ཞིག་སྐྲུན་གྱི་ཡོད། ཨ་རིའི་ནང་ང་ཚོས་སྨོན་ལམ་འདེབས་མཁན་ལ་ཉེས་ཆད་གཅོད་ཀྱི་མེད་ལ། ཡེ་ཤུའི་ཆོས་རྟགས་མར་བཤིག་གི་མེད། ང་ཚོས་ཆོས་ལུགས་ཀྱི་མཚོན་རྟགས་རྣམས་ལ་བཀག་སྡོམ་བྱེད་ཀྱི་མེད། ང་ཚོས་ཆོས་པ་དང་ཡེ་ཤུའི་སློབ་དཔོན་རྣམས་བཀག་འགོག་བྱེད་ཀྱི་མེད། ཨ་རིའི་ནང་ང་ཚོས་ཆོས་ལུགས་སྲུང་གཙི་ཞུ་ཡི་ཡོད། ཆོས་ལུགས་ལ་དགའ་མོས་བྱེད་ཀྱི་ཡོད། དེ་བཞིན་ང་ཚོས་སྨོན་ལམ་ནང་རང་གི་འབོད་སྒྲ་འདོན་གྱི་ཡོད། ང་ཚོས་རང་གི་མཐོང་རྒྱ་དཀོན་མཆོག་གི་གཟི་བརྗིད་ཀྱི་ཕྱོགས་སུ་གཏད་ཡོད། ཅེས་གསུངས་འདུག

ཨ་རིའི་རྒྱལ་ཡོངས་ཞོགས་ཇའི་སྨོན་ལམ་འདུ་འཛོམས་དེ་ཕྱི་ལོ་ ༡༩༥༣ ལོར་རྒྱལ་སྤྱིའི་ཡེ་ཤུའི་མགོ་འཁྲིད་ཚོགས་པ་(International Christian Leadership) ཞེས་པའིི་ཚོགས་པ་མགོ་འཛུགས་བྱེད་མཁན་སྐུ་ཞབས་ཨ་བྷེ་རེ་ཧེམ་ཝེ་རི་ཌེ་(Abraham Vereide) ཞུས་པ་ཞིག་གིས་མགོ་འཛུགས་གནང་ཡོད་པ་དང་། དེ་ནི་ཆབ་སྲིད་མི་སྣ་དང་། སྤྱི་ཚོགས་ཀྱི་མགོ་འཁྲིད། ཚོང་པ་བཅས་ལྷན་འཛོམས་ཀྱིས་མཉམ་དུ་སྨོན་ལམ་འདེབས་པའི་ཆོས་ལུགས་ཀྱི་བྱེད་སྒོ་ལྟ་བུ་ཞིག་ཡིན་འདུག་ལ། སྨོན་ལམ་དེ་ལོ་རེའི་ཕྱི་ཟླ་ ༢ པའི་རེས་གཟའ་ཕུར་བུ་དང་པོ་ནམ་འཁེལ་ལ་ཚོགས་སྲོལ་ཡོད་པ་དང་། འདུ་འཛོམས་སྟེང་ཨ་རིའི་འཛིན་སྐྱོང་དང་། གྲོས་ཚོགས་འཐུས་མི། གཞུང་འབྲེལ་མི་སྣ། དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་ ༡༠༠ ལྷག་གི་གནད་ཡོད་མི་སྣ་བཅས་འཛོམས་སྲོལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༢/༠༧

Leave a Reply