ལོ་སར་སྐབས་ཆོས་ཕྱོགས་ཀྱི་འདུ་འཛོམས་ཁག་མེད་པ་བཟོས།

གློ་བའི་འགོས་ནད་འགོག་སྲུང་ཆེད་བསླེབ་ལ་ཉེ་བའི་བོད་ཀྱི་ལོ་སར་སྐབས་གཞིས་ཀྱི་གདན་ས་གསུམ་གཙོ་བོར་གྱུར་བའི་བོད་ཁུལ་གྱི་དགོན་པ་ཁག་ཏུ་མཆོད་མཇལ་སོགས་ཆོས་ཕྱོགས་ཀྱི་འདུ་འཛོམས་མེད་པ་བཟོས་ཏེ་སྨོན་ལམ་ཡང་སྟབས་བདེ་བཟོས་ཡོད་འདུགའདི་ལོའི་བོད་ཀྱི་ལོ་སར་ནི་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་འཁེལ་ཡོད་སྟབས། དེ་རིང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་དེའི་སྐོར་ལ་གནས་ཚུལ་སྤེལ་བའི་ནང་། བོད་ཀྱི་ལོ་སར་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོ་དག་འགོག་པ་ནི་རྒྱལ་ས་ལྷ་ས་ཁུལ་གྱི་དགོན་སྡེ་ཁག་གིས། ཝུ་ཧན་གྱི་གློ་བའི་འགོས་ནད་ཁྱབ་བརྡལ་དུ་འགྲོ་བཞིན་པ་དང་བསྟུན། ལོ་སར་སྐབས་མི་མང་གི་འདུ་འཛོམས་ཁྲོད་ནད་འབུ་འགོས་ཁྱབ་དུ་མི་འགྲོ་བ་དང་། མི་མང་གི་འཕྲོད་བསྟེན་སྲུང་སྐྱོབ་ཆེད་ས་གནས་སྲིད་གཞུང་ལ་རེ་སྐུལ་ཞུས་པ་ཞིག་ཡིན་སྐོར་བཀོད་འདུག་ལ། ལོ་སར་སྐབས་ཀྱི་དགོན་སྡེ་ཁག་གི་སྨོན་ལམ་ཡང་དགོན་སྡེ་སོ་སོའི་ནང་འཚོགས་རྒྱུ་ཡིན་པ་མ་ཟད། གྲྭ་བཙུན་ཉུང་འཕྲི་བྱས་ཏེ་སྨོན་ལམ་གསུང་འདོན་ཐུང་དུ་བཏང་ཡོད་འདུག་ལ། དེ་བཞིན་བོད་ཁུལ་གྱི་ས་གནས་གཞན་གྱི་དགོན་སྡེ་ཁག་ཏུའང་ལོ་སར་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོ་འཚོགས་མི་ཆོག་པའི་ཐག་གཅོད་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་མི་དམངས་དྲ་བའི་ཐོག ཕྱི་ཚེས་ ༥ ཉིན་བོད་ཆབ་མདོ་ཁུལ་ནས་འགོས་ནད་དང་འབྲེལ་བའི་དཀྲོག་གཏམ་སྤེལ་ཏེ་སྤྱི་ཚོགས་ནང་ཤུགས་རྐྱེན་ངན་པ་བཞག་པའི་ཉེས་མིང་འོག ཆབ་མདོའི་ཉེན་རྟོག་པས་དཀྲོག་གཏམ་གྱི་ཆ་འཕྲིན་ ༧༥ ཤེས་རྟོགས་བྱུང་བ་དང་། ཁྲིམས་ལྟར་མི་ ༧ བཀག་ཉར་བྱས་པ་དང་མི་ ༨ ལ་སློབ་གསོ་བརྒྱབ་ནས་ཁ་ཏ་བྱས་ཡོད་ལུགས་བསྒྲགས་འདུག 

ཉེ་བའི་ཉིན་འགའི་རིང་བོད་ཁུལ་དུ་རྒྱ་ནག་གི་གློ་བའི་འགོས་ནད་གསར་པ་དེ་མངོན་གསལ་དོད་པོ་དང་མྱུར་ཚད་མཐོན་པོས་ཁྱབ་ཀྱི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པ་བར་དུ་བོད་དཀར་མཛེས་ཁུལ་དུ་ནད་པ་གྲངས་ ༦ མང་དུ་ཕྱིན་ཏེ་ཁྱོན་ནད་པ་གྲངས་ ༢༣ ལ་འཕར་ཡོད་པ་དང་རྔ་བ་ཁུལ་དུ་ནད་པ་ ༡ ། མཚོ་སྔོན་ཁུལ་དུ་ནད་པ་གྲངས་ ༡༨ ཡོད་པ་ལས་ཟི་ལིང་དུ་ནད་པ་གྲངས་ ༡༥ དང་མཚོ་བྱང་ཁུལ་དུ་ ༣། དེ་བཞིན་མཚོ་ལྷོར་ནད་པ་ ༦། བོད་རིགས་རྫོང་ཁག་གསུམ་ཡོད་པའི་ཡུན་ནན་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་ནང་ནད་པ་ ༨༣། ལྷ་སར་ནད་པ་གཅིག་བཅས་ད་ལྟ་བོད་ཁུལ་དུ་ཉུང་མཐར་གློ་བའི་འགོས་ནད་ཕོག་པའི་ནད་པ་ ༤༩ ཡོད་པ་དང་།  ནད་པ་དེ་ཚོ་ཟུར་འཇོག་གིས་སྨན་བཅོས་བྱེད་བཞིན་ཡོད་ཀྱང་། ས་གནས་རང་གི་སྨན་ཁང་ནང་སྨན་བཅོས་བྱེད་པ་མ་གཏོགས་གཞན་དུ་འགྲོ་ཆོག་གི་མེད་ཀྱང་། རྒྱ་ནག་ཤིན་ཧྭ་གསར་ཁང་གི་གནས་ཚུལ་ནང་གློ་བའི་འགོས་ནད་བརྟག་དཔྱད་ཆེད་ཉེ་ཆར་བོད་ནག་ཆུ་ཕྱོགས་སུ་སྨན་ཁང་ཞིག་གསར་དུ་གོ་སྒྲིག་བྱས་ཏེ་ད་ལྟ་སྨན་ཁང་གྲངས་ ༥ ཡོད་སྐོར་བསྒྲགས་འདུག

བོད་ནང་གི་དགོན་པ་དང་ཚོགས་སྡེ། མི་སྒེར་བཅས་ནས་གློ་བའི་འགོས་ནད་ཕོག་ཁུལ་དུ་དངུལ་གྱི་ཞལ་འདེབས་དང་། མི་མང་ལ་སྨན་དང་ཁ་རས་ཕོན་ཆེན་ཞལ་འདེབས་སུ་སྤྲོད་ཀྱི་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྟའུ་རྫོང་མི་དམངས་སྨན་ཁང་གིས་སྤྱི་ཚོགས་དྲ་ལམ་དུ་ས་གནས་སུ་ཁ་རས་སོགས་སྨན་བཅོས་ཡོ་བྱད་འདང་ངེས་མེད་པས་མི་མང་གི་ཞལ་འདེབས་ལེན་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ལྟར། དཀར་མཛེས་ཁུལ་དུ་འགོས་ནད་འགོག་བཅོས་རྒྱབ་སྐྱོར་ཆེད་བོད་ཀྱི་གཞས་མ་ཨ་ལན་ཟླ་བ་སྒྲོལ་མ་ལགས་ནས་རྒྱ་སྒོར་ཁྲི་ ༡༠ ལྷག་གི་ཁ་རས་ ༧༠༠༠ ཉོས་ནས་ལྕགས་ཟམ་ཁ་རྫོང་ཉེན་རྟོག་ཁང་དང་། དར་མདོ་རྫོང་ཉེན་རྟོག་ཁང་སོགས་ལ་ཞལ་འདེབས་སུ་སྤྲད་ཡོད་འདུག་ལ། དེ་བཞིན་གཞས་མ་ཚེ་དབང་ལྷ་མོ་ལགས་ཀྱིས་རྟའུ་རྫོང་གི་རྒྱ་གྲམ་དམར་པོའི་བྱམས་བརྩེ་ཐེབས་རྩ་ཚོགས་པར་རྒྱ་སྒོར་ཁྲི་ ༨ ཞལ་འདེབས་སུ་སྤྲད་ཡོད་འདུག

རྒྱ་ནག་གི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༨།༥༨ བར། རྒྱལ་ཡོངས་སུ་ཁྱོན་ཝུ་ཧན་གི་གློ་བའི་འགོས་ནད་ཅན་གསར་པ་གྲངས་ ༤༠༢༣༥ དང་། དོགས་ཡོད་ནད་པ་ ༢༣༥༨༩ ། ཚེ་ལས་འདས་བའི་ནད་པ་གྲངས་ ༩༠༩ དང་ནད་ལས་ཐར་བའི་ནད་པ་གྲངས་ ༣༢༨༣ བཅས་བྱུང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༢/༡༠

Leave a Reply

One thought on “ལོ་སར་སྐབས་ཆོས་ཕྱོགས་ཀྱི་འདུ་འཛོམས་ཁག་མེད་པ་བཟོས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ནད་རིགས་ཞི་བརྒྱ་རྕ་བཞི་འཇོམས་པའི་གཟུངས་སྔགས་ལ་བོད་མི་ཚང་མས་ཉིན་ཚན་དུས་དྲུག་ལ་འབད་རོགས་གནང།
    ལྷ་མོ་ལོ་མ་རྒྱུན་མའི་གཟུངས་སྔགས།
    ཨོམ་པེ་ཤ་རྩེ་ པེ་རྞ་ཤ་བ་རི་ སར་སྦ་ཛ་ལ་ པྲ་ཤ་མ་ན་ཡེ་སཱོ་ཧཱ།