གྷན་དྷི་མཆོག་གི་སྐུ་བརྙན་གཏོར་རྒོལ་བཏང་།

ཁ་སང་རྒྱ་གར་ཤར་ཕྱོགས་མངའ་སྡེ་ཇར་ཁན་ཌིའི་ (Jharkhand) གྲོང་ཁྱེར་ (Hazaribagh) ནང་རྒྱ་གར་གྱི་ཞི་བདེའི་འཐབ་རྩོད་ཀྱི་ཡབ་ཆེན་གྷན་དྷི་མཆོག་གི་སྐུ་བརྙན་ཞིག་གཏོར་བཤིག་བཏང་ཡོད་པས། གྲོང་ཁྱེར་ཉེན་རྟོག་པས་ཉེས་ཅན་རྩད་གཅོད་གཏོང་བཞིན་ཡོད་འདུགས་གནས་ཉེན་རྟོག་དཔོན་གྷ་ཊམ་གོ་མར་ (Gautam Kumar) ལགས་ཀྱིས། ང་ཚོ་རེས་གཟའ་ཉི་མའི་ཉིན་ས་ཆ་དེར་ལྟ་རུ་ཕྱིན་ཏེ་ཞིབ་འཇུག་བྱེད་ཀྱི་ཡོད་ལ། སྐུ་བརྙན་དེ་རང་བཞིན་གྱིས་འཐོར་ཞིག་ཏུ་ཕྱིན་པ་མིན་པར་མི་ཞིག་གིས་བསམ་བཞིན་དུ་གཏོར་ཡོད་པ་གསལ་པོ་རེད། ཅེས་བརྗོད་འདུག་ལ། ས་གནས་མི་མང་གིས་ཉེས་ཅན་སུ་ཡིན་མགྱོགས་མྱུར་འཛིན་བཟུང་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་འདུག

ས་གནས་གྷན་དྷི་རྗེས་དྲན་ཚོགས་པའི་ཚོགས་གཙོ་མཱ་ནོ་ཇི་(Manoj Verma) ལགས་ཀྱིས། གྷན་དྷི་རྗེས་དྲན་གྱི་གླིང་གའི་ནང་འགྲོ་བར་རྒྱལ་སྒོ་ཁྱོན་ ༣ ཡོད་པ་ལས་ ༡ གི་སྒོ་ལྕགས་གཏོར་ཡོད་སྐོར་དང་། གནད་དོན་དེའི་རྒྱབ་ཏུ་ས་ཆ་ནག་ཚོང་རྒྱག་མཁན་ཡོད་པ་དང་། ཁོ་ཚོས་ས་ཆ་བཙན་འཕྲོག་བྱེད་འདོད་ཡོད་ཀྱང་། སྐུ་བརྙན་གཏོར་བཤིག་བཏང་བའི་གནད་དོན་འདི་སྣང་མེད་བཞག་ན་འགྲིག་གི་མེད་སྐོར་བརྗོད་འདུག་ལ། ད་ལྟ་ཁོ་ཚོས་གྷན་དྷིའི་སྐུ་བརྙན་གསར་པ་ཞིག་བཞེངས་འཆར་ཡོད་འདུག

ས་གནས་རྫོང་དཔོན་པི་རཱ་ཊ་པུ་ (Bhuvnesh Pratap Singh) ལགས་ཀྱིས། ང་ཚོས་ད་ལྟ་ནས་བསྐྱར་བཟོ་མགོ་བརྩམས་ཡོད་པ་དང་། ཉེན་རྟོག་ལས་ཁུངས་སུ་ཉེས་དོན་གྱོད་གཞི་ཞིག་ཀྱང་ཐོ་འགོད་བྱས་ཡོད་པ་མ་ཟད། ས་གནས་དེར་ལྟ་སྲུང་བ་ཇེ་མང་དུ་གཏོང་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། གྷན་དྷིའི་སྐུ་བརྙན་ལ་གཏོར་སྐྱོན་ཐེབས་པར་ཆབ་སྲིད་པ་དང་རྒྱ་གར་གྱི་གནད་ཡོད་མི་སྣ་མང་པོས་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

གྷན་དྷིའི་སྐུ་བརྙན་དེར་ད་ལན་གཏོར་སྐྱོན་བཏང་བ་དང་པོ་མ་ཡིན་པར་ཕྱི་ལོ་ ༢༠༠༥ ལོར་མི་ཁག་ཅིག་གིས་གཏོར་རྒོལ་བཏང་ཡོད་པ་དང་།  ས་གནས་མི་མང་གི་རྒྱབ་སྐྱོར་འོག་བསྐྱར་དུ་བཞེངས་སྐྲུན་བྱས་ཡོད་པ་དང་། སྐུ་བརྙན་དེ་ནི་ཐོག་མར་ཕྱི་ལོ་ ༡༩༤༡ ཟླ་ ༢ ཚེས་ ༢ ཉིན་བཞེངས་སྐྲུན་བྱས་ཤིང་། ས་གནས་མི་མང་གིས་ལོ་རྟག་པར་གྷན་དྷི་མཆོག་གི་འཁྲུངས་སྐར་དང་འདས་ཚེས་སོགས་སུ་སྐུ་བརྙན་དེའི་མདུན་དུ་སྲུང་གཙི་བྱེད་ཀྱི་ཡོད་འདུག

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༡༠

Leave a Reply