རྒྱ་ནག་ནང་བྱ་ནད་བསླེབས་འདུག

སི་ཁྲོན་ཞིང་ཆེན་གྱི་བྱ་གསོ་ཁང་ཞིག་ལ་བྱ་ནད་བྱུང་སྟེ་བྱ་དེ་ ༡༨༠༠ ལྷག་ཤི་བ་དང་བྱ་ ༢༥༠༠ ལྷག་སྡེབ་གསོད་བྱེད་དགོས་ཁེལ་ཡོད་འདུགཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གི་ཞིང་ལས་ཐོན་སྐྱེད་བློན་ཆེན་ལྷན་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་བྱ་གསོ་ཁང་ཞིག་གི་ནང་ཟླ་འདིའི་ཕྱི་ཚེས་ ༩ ཉིན་བྱ་ནད་ (H5N6) འགོས་ཁྱབ་བྱུང་སྟེ། བྱ་གསོ་ཁང་དེར་ཁྱོན་བྱ་དེ་གྲངས་ ༢༤༩༧ ཡོད་པ་ལས་ ༡༨༤༠ བྱ་ནད་ཀྱིས་ཤི་ཡོད་པ་དང་། འགོས་ནད་མི་ཁྱབ་པའི་ཆེད་དུ་ལྷག་མ་རྣམས་དང་། དེ་མིན་གྱི་བྱ་དེ་གྲངས་ ༢༢༦༡ སྡེབ་གསོད་བྱས་ནས་མེད་པ་བཟོས་ཡོད་འདུག

སྤྱིར་བཏང་བྱ་ཕན་ཚུན་འགོས་ཀྱི་ཡོད་པ་མ་ཟད། བྱ་ནས་མི་ལའང་འགོས་ཀྱི་ཡོད་པའི་བྱ་ནད་རིགས་ལ་(H5N6)དང་(H5N8)། (H5N9)། (H3N2)། H2N3ཟེར་བ་སོགས་ཡོད་པ་དང་། དེ་དག་ལས་བྱ་ནད་(H5N6)ཟེར་བ་དེ་ཐོག་མར་ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་ལྷོ་ཕྱོགས་ཀང་ཏུང་ཞིང་ཆེན་ནང་བྱུང་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། མི་ ༢༤ ལ་ནད་འབུ་དེ་འགོས་ནས་མི་ ༧ འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་ནི་ནད་འབུ་དེ་མི་ལ་འགོས་ནས་འཆི་སྐྱོན་བྱུང་བ་ཆེས་ཐོག་མ་ཆགས། དེ་བཞིན་བྱ་ནད་(H5N9)ཟེར་བ་དེའང་ཐོག་མར་ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་ནང་བྱུང་སྟེ་མི་མང་པོར་འགོས་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རིམ་གྱིས་ནད་འབུ་དེ་ལྷོ་ཀོ་རི་ཡ་དང་ཧྥི་ལི་པིན། ཀོང་ཧོང་། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་བཅས་དེང་སང་འཛམ་གླིང་གི་ཡུལ་ལུང་མང་པོའི་ནང་ཡོང་གི་ཡོད་འདུག

གཞན་ཡང་། ཕྱི་ལོ་ ༢༠༡༩ ཟླ་ ༤ པའི་ནང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ། ཕྱི་ལོ་ ༢༠༡༨ ཟླ་ ༨ པ་ནས་བཟུང་རྒྱ་ནག་ནང་ཨ་ཧྥེ་རི་ཀའི་གསོ་ཕག་རིམས་ནད་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོའི་ལོ་མགོ་ཙམ་ལ་བོད་ལྗོངས་དང་མཚོ་ལྷོ་ཕུད་པའི་རྒྱ་ནག་གི་ཞིང་ཆེན་ ༣༡ ནང་ཕག་ནད་དེ་བྱུང་ནས་ཕག་པ་མང་པོ་སྡེབ་གསོད་བྱས་ཡོད་པའི་གནས་ཚུལ་སྤེལ་སྤེལ་ཡོད་ལ། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༧ ཉིན་ཀྲུང་གོའི་ཉིན་རེའི་ཚགས་པར་ཁང་གི་གནས་ཚུལ་ནང་། རྒྱ་ནག་གི་གྲོང་གསེབ་སོ་ནམ་ལས་དོན་ཁང་གིས། བོད་རང་སྐྱོང་ལྗོངས་ཀྱི་སྤོ་མེས་རྫོང་དང་ཀོང་པོ་རྒྱ་མདའ་རྫོང་། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་ནང་། ཨ་ཧྥེ་རི་ཀའི་བཅོས་ཐབས་མེད་པའི་གསོ་ཕག་གི་རིམས་ནད་དེ་ཐེངས་དང་པོར་འགོས་ཁྱབ་བྱུང་བ་ཤེས་རྟོགས་བྱུང་སྐོར་བསྒྲགས་ཡོད་ལ། བོད་ཁུལ་གྱི་ཕག་པ་མང་པོ་སྡེབ་གསོད་བྱས་ཡོད་པའི་གནས་ཚུལ་ཐོན།

སྐབས་དེར་རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་དེའི་སྐོར་ལ་གནས་ཚུལ་ཞིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༢ པ་ནས་བཟུང་རྒྱ་ནག་གཞུས་གིས་ཕག་ནད་ཐད་དོ་ནན་དང་མྱུར་སྐྱོབ་བྱས་པར་བརྟེན། རིམས་ནད་ཁྱབ་ཚད་ཆུང་དུ་འགྲོ་བཞིན་ཡོད་པ་དང་། རིམས་ནད་དེའི་བརྒྱ་ཆའི་ ༩༠ བཀག་ཡོད་ནའང་མུ་མཐུད་ཁྱབ་ངེས་ཡིན་སྐོར་བརྗོད་ཡོད་པ་རེད།

ཉེ་ཆར་ནས་རྒྱ་ནག་ནང་གློ་བའི་འགོས་ནད་གསར་པ་ཁྱབ་བརྡལ་དུ་ཕྱིན་ཏེ་ཁ་སང་ཕྱི་ཚེས་ ༡༠ བར་ཉུང་མཐར་ནད་པ་གྲངས་ ༡༠༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད། ཁ་སང་གཅིག་པུར་ཉུང་མཐར་མི་གྲངས་ ༡༠༨ གྲོངས་ཡོད་པ་དང་། ད་དུང་མུ་མཐུད་རྒྱ་ནག་རྒྱལ་ཡོངས་དང་འཛམ་གླིང་རྒྱལ་ཁབ་ ༢༥ ལྷག་གི་ནང་ཁྱབ་ཀྱི་ཡོད་སྟབས། རྒྱ་ནག་གི་ཕྱི་ནང་འགྲོ་འོང་བཀག་སྡོམ་དང་།  གྲོང་ཁྱེར་ཆེ་ཁག་གི་བཟོ་གྲྭ་དང་ཚོང་གཉེར་ཁང་མང་པོས་ལས་མཚམས་འཇོག་དགོས་བྱུང་བ། དེ་བཞིན་ཛ་དྲག་སྨན་བཅོས་སོགས་སྔར་ལས་འགྲོ་གྲོན་འཕོན་ཆེ་བས་རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཐེབས་བཞིན་ཡོད་འདུག་ལ།  རྒྱ་ནག་གི་ཚོང་འབྲེལ་རྒྱལ་ཁབ་ཁག་ལའང་དཔལ་འབྱོར་གྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༢/༡༡

Leave a Reply

One thought on “རྒྱ་ནག་ནང་བྱ་ནད་བསླེབས་འདུག

  1. གཞུང་པ་ཚེ་དབང་བསོད་ནམས།

    དབང་ཆེན་མི་གི་བྱེད་ལས་ངན་པའི་འོག།
    ནུས་མེད་སེམས་ཅན་བྱ་སོགས་འབུ་སྲིན་ལ།
    འཚེ་བའི་ལས་ངན་བག་མེད་ལོངས་སུ་སྤྱད།
    མ་འགྲིག་ངན་ཁག་ནུས་མེད་བྱ་ལ་བསྐལ།