སངས་རྒྱས་ཀྱི་སྐུ་བརྙན་མཇལ་རྒྱུ་མེད་པ་བཟོས།

ད་ལྟ་སངས་རྒྱས་ཤཀྱ་མུ་ནེ་རི་ཁུལ་དུ་མཚམས་ལ་བཞུགས་ཡོད་པ་དང་མ་འོངས་པར་ཞི་ཅིན་ཕིན་ཀྱི་དཔོན་གནས་འཁྱུར་རྗེས་སངས་རྒྱས་ཀྱི་ཞལ་མཇལ་ཐུབ་ངེས་རེད།ཕྱི་ལུགས་ལོ་གསར་ནས་བཟུང་རྒྱ་ནག་གཞུང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་སྔར་ལས་དམ་དྲག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་པ་ལྟར། རྒྱ་ནག་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་དྲ་རྒྱ་ (Winter Bitter) ཞེས་པའི་གནས་ཚུལ་ལྟར་ན། ས་གནས་སྲིད་གཞུང་གིས་ནང་སོག་རང་སྐྱོང་ལྗོངས་བྷོ་ཐོ་གྲོང་ཁྱེར་གྱི་ཉེ་འགྲམ་རི་ཁུལ་གྱི་མཐོ་ཚད་ལ་རྨི་ཊིར་ ༤༠ ཡོད་པའི་སངས་རྒྱས་ཤཀྱ་མུ་ནེའི་སྐུ་བརྙན་ཆེན་པོ་དེ་མཇལ་རྒྱུ་མེད་པ་བཟོ་དགོས་པའི་བཀའ་བཏང་ཡོད་པ་མ་ཟད། ལས་མི་ཆེད་དུ་བཏང་ནས་སྐུ་བརྙན་གྱི་མཐའ་རུ་ལྕགས་དྲ་དང་ས་རྡོ་བརྩིགས་ཏེ་མཇལ་རྒྱུ་མེད་པ་བཟོས་ཡོད་འདུག

ལས་གཞི་གསང་རྒྱ་བཟོ་ཆེད་སྐུ་བརྙན་ལ་མཇལ་བར་འགྲོ་སའི་ལམ་ཁ་རྣམས་བཀག་ཡོད་པ་མ་ཟད། གསང་བའི་བརྙན་མིག་བཙུགས་ནས་ལྟ་རྟོག་བྱེད་བཞིན་ཡོད་པ་དང་། ཡུལ་མི་ཞིག་གིས་སྐུ་བརྙན་དེ་གཞན་གྱིས་མཇལ་མི་ཐུབ་པ་བཟོ་དགོས་པའི་བཀའ་རྒྱ་མ་བཏང་གོང་དུ། སྐུ་བརྙན་དེ་གཏོར་དགོས་པའི་བཀའ་བཏང་ཡོད་སྐོར་བརྗོད་འདུག་ལ། ཡང་ཡུལ་མི་གཞན་ཞིག་གིས་སངས་རྒྱས་ཤཀྱ་མུ་ནེ་ད་ལྟ་རི་ཁུལ་དུ་མཚམས་ལ་བཞུགས་བསྡད་ཡོད་པ་རེད། མ་འོངས་པར་ཞི་ཅིན་ཕིན་གྱི་དཔོན་གནས་འཁྱུར་རྗེས་མཇལ་ཐུབ་ངེས་རེད་ཅེས་བརྗོད་འདུགའདི་ལོའི་ལོ་གསར་ཚེས་གཅིག་ཉིན། རྒྱ་ནག་ཧྥུ་ཅན་ཞིང་ཆེན་གྱི་ (Fuzhou) གྲོང་ཁྱེར་གྱི་གྲོང་སྡེ་ཞཱ་ཧང་ (Xiahuang) གི་ཡེ་ཤུའི་ལྷ་ཁང་ཞིག་གི་ནང་ཡུལ་མི་ཚོས་སྨོན་ལམ་འདོན་སྐབས། ས་གནས་ཀྱི་ཆོས་དོན་མི་སྣ་ཡོང་སྟེ། ཕྱི་ལོ་ ༢༠༢༠ ནང་ཁྱེད་ཚོ་གནས་སྟངས་སྡུག་ཤོས་ནང་ལྷུང་གི་ཡོད་པ་རེད། ཅེས་བརྗོད་དེ། སྨོན་ལམ་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད་པ་མ་ཟད། ཉིན་དེའི་ཕྱི་དྲོ་ཙམ་ལ་ས་གནས་སྲིད་གཞུང་གི་མི་སྣས་ལྷ་ཁང་ནང་གི་སྐུ་རྣམས་འཁྱེར་ཡོད་པ་དང་། ཡེ་ཤུའི་ཡུམ་ཆེན་ (Mary) གྱི་སྐུ་བརྙན་ལ་ཆག་སྐྱོན་ཤོར་ཡོད་སྟབས། ཡུལ་མི་ཞིག་གིས་སྐུ་བརྙན་ལ་ཆག་སྐྱོན་ཤོར་སྐབས་སེམས་ལ་བཟོད་དཀའ་བའི་ན་ཟུག་ཅིག་བྱུང་སོང་། དེ་ནི་ང་ཚོས་འགྲོ་སོང་བཏང་བའི་སྐུ་ལ་ཆག་སྐྱོན་བྱུང་བའི་རྒྱུ་མཚན་གྱིས་མིན་པར། ང་ཚོའི་དད་མོས་རྩ་མེད་བཟོ་བཞིན་པས་རེད། ཅེས་དང་། ང་ཚོས་ཆག་སྐྱོན་བྱུང་བའི་སྐུ་བཟོ་རྒྱུ་ཡིན་ལ། དམར་ཤོག་གཞུང་གིས་ཁ་ནས་སྤྱི་ཚོགས་འཆམ་མཐུན་དང་ཆོས་དད་རང་མོས་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་སུ་དྲག་གནོན་བྱེད་བཞིན་པ་ང་ཚོས་འཛམ་གླིང་ལ་སྟོན་གྱི་ཡིན། ཞེས་དང་། ད་ལྟ་ལྷ་ཁང་ནང་གི་ཅོག་ཙེའང་གཞུང་གིས་འཁྱེར་སོང་བས་སྟོང་བ་ཡིན་ཚུལ་བརྗོད་འདུགའདས་ལོའི་ཕྱི་ཟླ་ ༨ པའི་ནང་ཀང་ཀྲུའུ་གྲོང་ཁྱེར་གྱི་ཨན་ཧྥུའོ་ལྷ་ཁང་གིས་རྒྱ་སྒོར་ས་ཡ་ ༢ ཙམ་བཏང་ནས་རྨི་ཊིར་ ༡༠ མ་ཟིན་ཙམ་གྱི་(Earth Store Bodhisattva) སྐུ་བརྙན་ཞིག་བཞེངས་ཡོད་ཀྱང་། བཞེངས་ནས་ཟླ་གཉིས་ལྷག་ལས་མ་འགོར་བར་ས་གནས་ཆོས་དོན་ལས་ཁུངས་ཀྱིས་སྐུ་བརྙན་མཇལ་རྒྱུ་མེད་པ་བཟོ་དགོས་པའི་བཀའ་ཕབ་སྟེ་ལག་བསྟར་བྱས་ཡོད་པ་མ་ཟད། སྐུ་བརྙན་གྱི་ཕྱི་ངོས་སུ་ཐོག་མའི་བསམ་འདུན་མ་བརྗེད། རྒྱལ་གཅེས་ཆོས་གཅེས་ཞེས་པའི་ཡིག་འབྲུ་དམར་པོ་ཆེན་པོ་འགའ་བྲིས་འདུག དེ་བཞིན་ཕྱི་ལོ་ ༢༠༠༦ ལོར་རྒྱ་སྒོར་ས་ཡ་གཅིག་ལྷག་བཏང་ནས་ཀང་ཀྲུའུ་གྲོང་ཁྱེར་ལོང་ཧེ་ཡི་ཧྥུ་ཀྲོ་ལྷ་ཁང་ཕྱི་རུ་རྨི་ཊིར་ ༢༧ ཙམ་ཡོད་པའི་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་བརྙན་ཞིག་བཞེངས་ཡོད་པ་དེའང་ས་གནས་སྲིད་གཞུང་གིས་བཀའ་བཏང་སྟེ་མཇལ་རྒྱུ་མེད་པ་བཟོས་ཡོད་འདུགའདི་ལོའི་རྒྱ་ནག་གི་ལོ་སར་སྐབས་ཝུ་ཧན་གྱི་གློ་བའི་འགོས་ནད་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་ནའང་།  ཧི་ནན་ (Henan) ཞིང་ཆེན་གྱི་ཧྲང་ཆུ (Shangqiu) གྲོང་ཁྱེར་ནང་ས་གནས་སྲིད་གཞུང་གི་མི་སྣས་ཡུལ་མི་ཚོས་ཆོས་ལུགས་ཀྱི་ནང་དོན་ཅན་གྱི་ཤིས་ཚིག་སྒོའི་གཡས་གཡོན་དང་། སྒང་དུ་སྦྱོར་གྱི་ཡོད་མེད་ལ་ལྟ་ཞིབ་བྱས་ཏེ་བཀག་འགོག་བྱས་པ་མ་ཟད། སྦྱར་ཡིག་འཚོང་མཁན་ལ་ཆོས་ལུགས་ཀྱི་ནང་དོན་ཡོད་པའི་སྦྱར་ཡིག་བཙོང་མི་ཆོག་པ་དང་། གལ་སྲིད་བཙོང་ཚེ་དེ་དག་གཞུང་བཞེས་བཏང་ཐོག་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་ཀྱི་ཉེན་བརྡ་བཏང་ཡོད་འདུག་ལ། ཚོང་ཁང་བདག་པོ་ཞིག་གིས་བརྗོད་པ་ལྟར་ན། ལོ་སར་སྐབས་རྟོག་ཞིབ་པ་ཚོང་ཁང་ནང་ཡང་ཡང་ཡོང་བ་དང་། ཆོས་ལུགས་ཀྱི་ནང་དོན་ཡོད་པའི་སྦྱར་ཡིག་ཡོད་པའི་དབང་དུ་བཏང་རུང་ཚོང་ཁང་ནང་བཙོང་ཐུབ་ཐབས་མེད་སྐོར་བརྗོད་འདུག དེ་བཞིན་ཧེ་ནན་ཞིང་ཆེན་ནང་ལོ་སར་སྐབས་ཀྱི་སྦྱར་ཡིག་སྟེང་གུང་ཁྲན་ཏང་ཡག་པོ་འདུག ཏང་གིས་སྤྱི་ལ་ཕན་པའི་ཁྲིམས་ལག་ལེན་བྱེད་ཀྱི་ཡོད། ཏང་དང་མཉམ་དུ་སྐྱོད། ཏང་ལ་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ཟེར་བ་སོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཡི་གེ་འབྲི་རུ་བཅུག་ནས་སྒོ་ཁར་སྦྱར་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༢/༡༡

Leave a Reply

2 thoughts on “སངས་རྒྱས་ཀྱི་སྐུ་བརྙན་མཇལ་རྒྱུ་མེད་པ་བཟོས།

  1. བསོད་ནམས་རྒྱལ་མཚན།

    ལས་རྒྱུ་འབྲས་ 😂 སྤྱོད་ངན་དེ་ རྒྱ་དམར་གྱི་འགོ་བྱེད་ཤིན་ཏུ་གླན་ལྐུག་ཚོའི་བྱེད། ལས་རྒྱུ་འབྲས་སྨིན་ས་དེ་ མི་དམངས་སྙེམས་ཆུང་ཚོ་ལ་ 🤔 ལས་རྒྱུ་འབྲས་ཐབ་སྐྱོ་པོ་དེ་འདྲ་གཅིག་མ་གཏོགས་མེད་པ་རེད་པས་ ? Corona Virus’s 🦠 ནད་ཡམས་ འདི་གེ་དེ་ དམར་ཤོག་གི་གླན་ལྐུག་ཚོའི་ མགོ་ལ་ཕོག་ན་ རྐུབ་ལ་ཕོག་ན་ གཅིག་ལ་ཕོག་ན་ ལས་རྒྱུ་འབྲས་ཕལ་ཆེར་ཏག་ཏག་མིན་འགྲོ། 🤔 😂😂😂

  2. གཞུང་པ་ཚེ་དབང་བསོད་ནམས

    ལོ་2020 འདི་གཞན་དང་མ་འདྲ་བ་ནས་རྒྱ་ནག་དམར་ཤོག་གི་དཔོན་ངན་ཚོའི་བྱེད་བབས་ལ་བལྟས་ན་རྒྱ་ནག་ནང་བཀྲ་མི་ཤེས་པ་གཅིག་རྗེས་གཉིས་མཐུད་བྱས་ནས་བློ་་ནད་གཉན་རིམ་དང་བྱ་ནད་གཉན་རིམ་སོགས་ཡོང་སྟངས་ལ་བལྟས་ན་ལས་རྒྱུ་འབྲས་དུས་ལ་སྨིན་ནས་ནད་ཡམས་དང་ས་འགུལ་ཆུ་རུད་གངས་སྐྱོན་སོགས་ཀྱི་གནོད་ཚེའི་འོག་རྒྱ་ནག་སྲིད་གཞུང་དང་མི་མང་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་མ་རེད་དམ།