ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས (2019 n-CoV) སྐོར་གྱི་གླེང་སློང་།

སྨན་པ་བློ་བཟང་དོན་གྲུབ།

སྨན་པ་བཀྲ་ཤིས་རབ་བརྟན།

ཁ་སང་དེ་རིང་རྒྱ་ནག་ཝུའུ་ཧན་ནས་བྱུང་བའི་ནད་ཡམས་འདིས་མི་རྣམས་ཀྱི་ལུས་སེམས་གཉིས་ཀ་བདེ་བོ་མེད་པ་བཟོས་ཤིང་། ནད་ཡམས་འདི་ལ་ཇི་ལྟར་གདོང་ལེན་བྱེད་སྟངས་སུས་ཀྱང་མ་ཤེས་པར་ལུས་ཡོད། ནད་ཡམས་འདི་དངོས་ནས་སྡིག་ཏོ་ཅན་ཞིག་དང་། འགོས་ཚད་མགྱོགས་ཤིང་ཁྱབ་ཚད་མྱུར་བའི་ནད་ཡམས་ཤིག་རེད་འདུག གཞུང་འབྲེལ་གསར་ལམ་ཁག་ནས་བཤད་ན། རྒྱ་ནག་ཏུ་དེ་རིང་བར་དུ་མི་གྲངས་ ༩༠༩ ནད་ཡམས་འདིས་གྲོངས་ཤིང་། འཛམ་གླིང་སྟེང་གི་མི་གྲངས་ ༤༠༢༣༥ ལ་ནད་ཡམས་འདི་འགོས་ཡོད་པར་བཤད་ཅིང་། ད་དུང་མུ་མཐུད་འཕར་བཞིན་ཡོད།

སྐབས་འདིར་མི་ཚང་མས་བྱེད་ཐབས་འདྲ་མིན་སྤྱད་དེ་ནད་ཡམས་འདི་འགོག་ཐབས་བྱེད་ཀྱིན་ཡོད། མི་ཁ་ཤས་ཀྱིས་སྨན་སྣ་འདྲ་མིན་ངོ་སྤྲོད་བྱེད་ཅིང་། མི་ཁ་ཤས་ཀྱིས་གཟུངས་སྔགས་འདྲ་མིན་འདོན་བསྐུལ་བྱེད་ལ། ད་རུང་མི་མང་པོ་ཞིག་གིས་གཙང་སྦྲ་ཇི་ལྟར་བྱེད་དགོས་ལུགས་སོགས་སྒྲོག་བཞིན་ཡོད། རྒྱ་ནག་ཏུ་གྲོང་དང་གྲོང་ཁྱེར་ཁག་གི་བགྲོད་ལམ་བཀག་པ་དང་། འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་ཏུ་རྒྱ་ནག་ནས་ཡོང་བའི་འགྲུལ་བ་འགོག་པ་དང་། མི་དང་མིར་ཐུག་འཕྲད་བྱེད་དུ་མི་འཇུག་པའི་བྱེད་ཐབས་སྤྱད་དེ། ནད་ཡམས་འགོས་ཁྱབ་མི་ཡོང་བ་བྱེད་རྒྱུ་ལས་ན་ཚ་འདི་བཅོས་ཐབས་གཞན་ད་དུང་རྙེད་མེད།

ཏོག་དབྱིབས་ནད་ཡམས (2019 n-CoV) ཟེར་ན་ག་རེ་རེད།

ནད་ཡམས་འདི་ནི་རིམས་ནད་ཚབས་ཆེན་ཞིག་ཡིན་པ་ཐག་ཆོད་ཅིང་། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་བཤད་ན། རིམས་ནད་འདི་ཁ་རླུང་བརྒྱུད་འགོས་ཚད་མགྱོགས་ཤིང་འགོས་མ་ཐག་ནད་པ་བརྒྱ་ཆའི་གསུམ་གྱི་ཚེ་སྲོག་ཤོར་འགྲོ་བ་ཡིན་ཟེར། ཤེས་རྟོགས་བྱུང་བར་གཞིགས་ན་འཆི་འགྲོ་བའི་ནད་པ་འདི་དག་མང་ཆེ་བ་ནི་རྒན་རྒོན་དང་ན་ཚ་གཞན་ཡོད་པའི་ནད་པ་ཡིན།

ནད་ཡམས་འདི་ལ་དེང་སང་འཛམ་གླིང་སྟེང་བཅོས་ཐབས་མེད་ལ་ནད་མིང་ངེས་གཏན་ཞིག་ཀྱང་མེད། ནད་ཡམས་ཕྲ་ཕུང་འདིའི་དབྱིབས་ནི་རྒྱལ་པོའི་དབུ་རྒྱན་གྱི་ཏོག་དང་འདྲ་བས་ཏོག་དབྱིབས་ཅན་གྱི་ནད་ཡམས་ཞེས་འབོད་ཅིང་། ཡང་ཁག་ཅིག་གིས་ནད་ཡམས་འདི་ཝུའུ་ཧན་གྲོང་ཁྱེར་ཀྱི་སྲོག་ཆགས་བཙོང་སའི་ཁྲོམ་རྭ་ཞིག་ནས་འགོས་ཤིང་ཁྱབ་པ་ཡིན་ཙང་ཝུའུ་ཧན་གྱི་ནད་ཡམས་ཞེས་ཀྱང་འབོད། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ནད་ཡམས་འདི་སྔོན་ཆད་མཐོང་མྱོང་མེད་པའི་ནད་ཡམས་ཤིག་ཡིན་ཙང་ཏོག་དབྱིབས་ནད་ཡམས (2019 n-CoV) ཞེས་བཏགས་ཏེ་གཏན་ལ་ཕབ། དེའི་ཕྱིར་དེང་སང་ཚང་མས་ཡོང་ཁྱབ་དུ་ཏོག་དབྱིབས་ནད་ཡམས (2019 n-CoV) ཞེས་འབོད་བཞིན་ཡོད།

རྒྱ་ནག་གི་ཆེད་མཁས་པ་ཀྲུང་ནན་ཧྲན་གྱིས་ཏོག་དབྱིབས་ནད་ཡམས (2019 n-CoV) འདི་ཕ་ཝང་བརྒྱུད་ནས་མི་ལ་འགོས་པ་ཞིག་ཡིན་པ་རེད་ཟེར། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་དང་ནད་ཡམས་ཆེད་མཁས་པ་དག་གིས་ཀྱང་དེ་ལྟར་ངོས་འཛིན་བྱེད་བཞིན་ཡོད། སྤྱིར་བཏང་སྲོག་ཆགས་དང་མིའི་རིགས་ཀྱི་ལུས་ཀྱི་གྲུབ་ཆ་མ་འདྲ་བ་ཡོད་པས། ན་ཚ་ཡིན་ནའང་གཅིག་གིས་གཅིག་ལ་ཐད་ཀར་མི་འགོ་མོད། ཡིན་ནའང་ན་ནིང་དོ་ཚིགས་དཔལ་འབྱོར་གྱི་གསོན་ཤུགས་རྒྱས། མི་མང་གི་འདོད་རྔམ་ཇེ་ཆེར་སོང་ཏེ། འདི་ཟ་དང་འདི་མི་འཐུང་ཟེར་བ་ཞིག་མེད་ལ། གནམ་ནས་འཕུར་ཚད་དང་ས་ནས་རྒྱུག་ཚད་ཚང་མ་ཟ་རྒྱུའི་ལུགས་སྲོལ་ངན་པ་ཞིག་དར་ཡོད།

དུད་འགྲོ་དང་སྲོག་ཆགས་ཟ་བའི་བརྒྱུད་རིམ་ལས་མིའི་འབྱུང་ཁམས་དེ་སྲོག་ཆགས་ཀྱི་འབྱུང་ཁམས་དང་མཐུན་ཤས་སུ་གྱུར་ནས། སྲོག་ཆགས་ཀྱི་ལུས་ཐོག་ཡོད་པའི་ན་ཚ་དག་མིའི་ལུས་ཐོག་ལའང་ལས་སླ་བོར་འགོས་ཐུབ་ཀྱི་ཡོད་པ་རེད། དེ་བས་ན་ཚ་འདི་ནི་མིའི་འདོད་རྔམས་ལས་བྱུང་བ་དང་མིས་བཟོས་པའི་ན་ཚ་ཞིག་ཡིན་པ་གསལ་བོ་རེད། འདི་ནི་བོད་ཀྱི་བཀའ་བསྡུས་ནང་དུ། སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར།། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན།། ཞེས་གསུངས་ཡོད་པ་དང་ཏག་ཏག་ཐོག་ལ་འཁེལ་ཡོད། དེ་བཞིན་ཏུ་རྒྱ་ནག་གི་ཆེད་མཁས་ཀྲུང་ནན་ཧྲིན་གྱིས་ཀྱང་ཚོར་བ་རྣོན་པོས། གལ་སྲིད་ཐེངས་འདིའི་རིམས་ནད་ཁྲོད། འགྲོ་བ་མི་རྣམས་ཐར་ཐུབ་སོང་ན། འགྲོ་བ་མི་རྣམས་ཀྱིས་ད་ནས་བཟུང་སྲོག་ཆགས་རྣམས་གློད་རོགས་གནོངས། ཞེས་གཏམ་བཤད་བྱས་ཡོད།

༢༠༡༩ཏོག་དབྱིབས་ནད་ཡམས (2019 n-CoV) འདི་ནད་ཡམས་གཞན་དང་མ་འདྲ་བ་ག་རེ་ཡོད།

གནད་དོན་འདིའི་ཐད་ལ་ལོ་ཁ་ཤས་ཀྱི་ནང་བྱུང་བའི་ནད་ཡམས་གཞན་དག་དང་བསྡུར་ནས་བཤད་ན། དཔེར་ན་ནད་ཡམས་ཆེས་ཤོས་ནི་༢༠༠༣ ལོའི་སར་སི་ནད་ཡམས (SARS-CoV) དང་། ༢༠༡༢ ལོར་བྱུང་བའི་མར་སུ་ནད་ཡམས་ (MERS-CoV) གཉིས་ཡིན། ནད་ཡམས་འདི་གཉིས་ལས་བྱུང་བའི་འགོས་ནད་ཀྱི་ནད་རྟགས་དང་། ནད་ཡམས་ཀྱི་ཁྱབ་ཚད་བཅས་ལ་བརྟགས་ན། ནད་ཡམས་འདི་དག་ཚང་མའི་འབྱུང་ཁུངས་ནི་སྲོག་ཆགས་ཕ་ཝང་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཚང་མས་ཐག་གཅོད་བྱས་ཡོད། དེ་དང་མཉམ་དུ་ནད་ཡམས་འདི་ལས་བྱུང་བའི་ནད་འབུའི་དབྱིབས་གཟུགས་ནི་རྒྱལ་བོའི་དབུ་རྒྱན་གྱི་ཏོག་དང་འདྲ་བས་ཏོག་དབྱིབས་ནད་ཡམས་ཞེས་བརྗོད། ནད་ཡམས་དེ་རེ་རེའི་མཇུག་ཏུ་དབྱིན་ཡིག་གི་ (coronavirus) ཡོད་པ་ནི་ཏོག་དབྱིབས་ནད་ཡམས་ཀྱི་མཚོན་རྟགས་ཡིན་ཞིང་། ཐེངས་འདིར་བྱུང་བའི་ཝུའུ་ཧན་ནད་ཡམས་ལའང (Novel Coronavirus) དང་ཡང་ན་ (2019 n-CoV)། སྔོན་ཆད་བྱུང་མྱོང་མེད་པའི་ནད་ཡམས་ (2019 n-CoV) ཞེས་བཏགས་ཡོད། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་དེ་ལྟར་བཏགས་པའི་རྒྱུ་མཚན་ནི། ནད་ཡམས་འདི་ལྟ་བུ་སྔོན་ཆད་མཐོང་མྱོང་མེད་པའི་ནད་ཡམས་ཤིག་ཡིན་ཙང་དེ་ལྟར་བཏགས་པ་ཡིན་ཟེར། དེ་བས་ང་ཚོས་ཝུའུ་ཧན་དུ་བྱུང་བའི་ནད་ཡམས་འདི་ལ་༢༠༡༩ མཐོང་མྱོང་མེད་པའི་ཏོག་དབྱིབས་ནད་ཡམས (2019 n-CoV) ཞེས་བོས་ན་ཐུན་མོང་གི་འབོད་ཚུལ་ཞིག་ཏུ་ཆགས་ཡོད།

༢༠༡༩ མཐོང་མྱོང་མེད་པའི་ཏོག་དབྱིབས་ནད་ཡམས (2019 n-CoV) འདས་ལོའི་ལོ་མཇུག་དེར་བྱུང་བ་དང་། ནད་ཡམས (2019 n-CoV) འདི་བྱུང་མ་ཐག ཨ་མེ་རི་ཀའི་ནད་རིགས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཁང། རྒྱལ་བཙུགས་འགོག་སྨན་དང་སྨན་ལོག་ཞིབ་འཇུག་ཁང་གཉིས་ནས། སྔ་གཞུག་ཏུ་ནད་ཡམས་འདི་ལ་ཞིབ་འཇུག་བྱེད་འགོ་ཚུགས་ཡོད། ཁོང་ཚོས་ཞིབ་འཇུག་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ནི། ནད་ཡམས་འདིའི་འབྱུང་རྐྱེན་དང་ནད་རྟགས་ཚང་མ་དེ་སྔོན་བྱུང་བའི་ནད་ཡམས་ཁ་ཤས་དང་ཅུང་འདྲ་བོ་ཡོད་པ་དང་། དེ་སྔོན་བྱུང་བའི་ཏོག་དབྱིབས་ནད་ཡམས་ (coronavirus) ཀྱི་རིགས་གཅིག་ཡིན་པར་ངོས་འཛིན་བྱས་ཡོད།

ནད་ཡམས་འདི་དག་གི་འདྲ་ས་དང་མི་འདྲ་ས་ནི། སར་སི་ནད་ཡམས (SARS-CoV), དང་མར་སུ་ནད་ཡམས (MERS-CoV) གཉིས་དང་བསྡུར་ན། དབུགས་གཏོང་ལེན་དཀའ་བ་སོགས་ཀྱི་ཛ་དྲག་གི་ནད་རྟགས་ཡོད། མར་སུ་ནད་ཡམས་ (MERS-CoV) ལ་ཛ་དྲག་གི་གློ་ཚད་འཕར་ནས་ཚ་བ་རྒྱས་ཤིང་། གློ་ལུ་བ། དབུགས་ཐུང་ངུར་ཆགས་པ་སོགས་ཀྱི་ནད་རྟགས་ཡོད། དེ་བཞིན་དུ་མར་སུ་ལ་མཚོན་ན་ནད་ཡམས་བྱུང་འགོ་ཚུགས་པ་ནས་ད་ལོའི་བར་དུ་ནད་པ ༢༤༩༩ ལ་འགོས་ནད་བྱུང་བ་དང་། ནད་པ་༨༦༡ གི་ཚེ་སྲོག་ཤོར་ཡོད། སར་སི་ནད་ཡམས (SARS-CoV) ལ་མཚོན་ནའང་མིའི་དབུགས་འབྱིན་རྔུབ་ཀྱི་མ་ལག་ཁྲོད་བྱུང་བའི་ཛ་དྲག་གི་ནད་ཡམས་ཤིག་ཡིན། ཨ་རིའི་རྒྱལ་ཡོངས་འཕྲོད་བསྟེན་ཞིབ་འཇུག་ལྷན་ཁང་གིས་བརྗོད་ན། སར་སི་ཡིས་ནད་པ་༨༠༩༨ ལ་ནད་ཡམས་བསྒོས་བ་དང་། ནད་པ་༧༧༤ ཡི་ཚེ་སྲོག་ཤོར་ཡོད་ལུགས་བཤད་འདུག

སྤྱིར་ཏོག་དབྱིབས་ནད་ཡམས་ (2019 n-CoV) འདི་སྲོག་ཆགས་ནས་མི་ལ་མི་འགོ་ཞིང་། ཐོག་མའི་ནད་རྟགས་དེ་གློ་ཚད་ཀྱི་ནད་རྟགས་སུ་མངོན་ཡོང་གི་ཡོད་པ་གོང་གི་ནད་ཡམས་གཞན་རྣམས་དང་གཅིག་མཚུངས་ཡིན་ནའང་ནད་ཀྱི་འགོས་ཚད་ཅུང་མི་འདྲ་བ་ཡིན། དེ་ལ་དབྱིན་ཇི་ལོན་ཌོན་འཕྲོད་བསྟེན་ལྷན་ཁང་གི་སློབ་དཔོན་ཕེ་དྲེད་ཀྱིས་༢༠༡༩ མཐོང་མྱོང་མེད་པའི་ཏོག་དབྱིབས་ནད་ཡམས (2019 n-CoV) འདི་སར་སི་ནད་དུག་དང་བསྡུར་ན་འགོས་ཚད་མགྱོགས་ནའང་། ནད་དུག་གི་ནུས་པ་ནད་ཡམས་གཞན་པ་དག་ལས་ཅུང་ཡང་པ་ཡིན་ཞེས་འགྲེལ་བརྗོད་གནང་འདུག དེ་བཞིན་ཏུ། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་བརྗོད་ན། སར་སི་ནད་ཡམས (SARS-CoV) མངོན་ཏུ་འགྱུར་བ་ལ་ཉིན་གྲངས་བཞི་དགོས་པ་དང་། མར་སུ་ནད་ཡམས་ (MERS-CoV) མངོན་དུ་འགྱུར་བ་ལ་ཉིན་ལྔ་དགོས་འདུག དེ་བཞིན་ཏུ་ ༢༠༡༩ ཏོག་དབྱིབས་ནད་ཡམས (2019 n-CoV) ལ་མཚོན་ན་རྒྱ་ནག་ནད་ཡམས་སྔོན་འགོག་ལས་ཁུངས་ཀྱིས་བཤད་པ་ལྟར་ན། ནད་ཡམས་འདི་མངོན་ཏུ་འགྱུར་བ་ལ་ཉིན་གསུམ་ནས་ཉིན་བདུན་དགོས་ལུགས་བརྗོད་འདུག

ནད་ཡམས་མངོན་ཏུ་འགྱུར་ལུགས་ཞེས་པ་ནི་ནད་ཡམས་དེ་ལུས་པོའི་ནང་ཞུགས་མ་ཐག ནད་ཡམས་ཀྱི་གཉོམ་ལག་རྒྱས་ཡོད་མེད་དེར་བཤད་པ་ཡིན། ཡང་གཅིག་བཤད་ན་ནད་ཡམས་ཀྱི་གཉོམ་ལག་མ་རྒྱས་ན་ནད་ཡམས་ཤིག་ཡིན་མིན་ལ་ངོས་འཛིན་བྱེད་མི་ཐུབ་ཀྱང་། གཉོམ་ལག་རྒྱས་རྗེས་ནད་རྟགས་གཞི་ནས་ཕྱི་ལ་མངོན་ཞིང་། དེ་ནི་ནད་རྟགས་ངོས་འཛིན་བྱེད་པའི་གོ་སྐབས་དེ་ཡིན།

 ༢༠༡༩ ཏོག་དབྱིབས་ནད་ཡམས (2019 n-CoV) འདི་ལ་ནད་རྟགས་ག་རེ་ཡོད་པ་རེད།

༢༠༡༩ ཏོག་དབྱིབས་ནད་ཡམས (2019 n-CoV) འདི་མིའི་ལུས་ལ་བྱུང་མ་ཐག སྤྱིར་བཏང་ཆམ་པའི་ན་ཚ་བྱུང་བའི་ནད་རྟགས་ལྟ་བུ་ལས་དམིགས་བསལ་གྱི་ནད་རྟགས་དེ་འདྲ་གསལ་བོ་སྟོན་རྒྱུ་མེད། ཨ་མེ་རི་ཀའི་ནད་ཡམས་སྔོན་འགོག་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན། ༢༠༡༩ ཏོག་དབྱིབས་ནད་ཡམས (2019 n-CoV) འདི་ནི་འགོས་ནད་རང་བཞིན་གྱི་ནད་ཡམས་ཞིག་ཡིན་ཞིང་། ནད་ཡམས་འདི་མི་ལ་འགོས་མ་ཐག་ལུས་ཀྱི་སྟོབས་མི་འདྲ་བའི་དབང་གིས་ནད་རྟགས་ཀྱང་མ་འདྲ་བ་འབྱུང་གི་ཡོད། དཔེར་ན། ནད་པ་ཁ་ཤས་ལ་གློ་ཚད་རྒྱས་ཤིང་དབུགས་འབྱིན་མི་ཐུབ་པ་དང་། ཁ་ཤས་ཕོ་བ་མི་བདེ་ཞིང་གྲོད་ཁོག་བཤལ་བའི་ནད་རྟགས་སོགས་ཕོ་བ་དང་གློ་བ་མ་བདེ་བའི་ནད་རྟགས་སྟོན་པ་ཡིན་ཟེར།

བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལས་ནད་ཡམས་འདི་ལ། ཚ་བ་མ་སྨིན་པ་ལྟ་བུའི་རྟགས་ཡོང་གི་ཡོད་པར་བཤད་ལ། ཕྱི་ལུགས་སྨན་གཞུང་ལྟར་ན་ནད་ཡམས་འདི་ལུས་ལ་འགོས་མ་ཐག་ཚ་བ་རྒྱས་ཤིང་། གློ་ལུ་བ། དབུགས་ཐུང་དུ་འགྲོ་བ་སོགས་ཀྱི་ནད་རྟགས་འབྱུང་ཞིང་། ནད་རྟགས་འདི་ཉིན་གསུམ་ནས་ཉིན་བདུན་བར་མིའི་གཟུགས་པོའི་ནང་འདུག་སྲོལ་ཡོད། ཉིན་བདུན་པ་དང་ཡང་ན་བརྒྱད་པའི་རྗེས་ནས་ ༢༠༡༩ ཏོག་དབྱིབས་ནད་ཡམས(2019 n-CoV) ཡོད་མེད་ཀྱི་ནད་རྟགས་དངོས་སུ་ཕྱི་ལ་ཐོན་ཡོང་བ་ཡིན། གལ་སྲིད་ཉིན་བདུན་པ་དང་བརྒྱད་པའི་རྗེས་ནས་ནད་རྟགས་འདི་ད་དུང་ཕྱི་ལ་མ་མངོན་ཚེ། ༢༠༡༩ ཏོག་དབྱིབས་ནད་ཡམས (2019 n-CoV) མིའི་གཟུགས་པོའི་ནང་མེད་པ་མཚོན་ཐུབ། དེང་སང་ནད་ཡམས་དེར་བརྟག་དཔྱད་གཏོང་སྤྱད་ཡག་ཤོས་ནི(real-time PCR) བྱེད་ཐབས་འདི་ཡིན་པས།  བྱེད་ཐབས་འདི་ལས་ནད་རྟགས་གསལ་བོར་མཐོང་དགོས་ན། ནད་ཡམས་མིའི་གཟུགས་པོར་འཛུལ་ནས་ཅུང་འགོར་རྗེས་གཞི་ནས་ཤེས་ཐུབ་པ་ཡིན། དེང་སང་རྒྱ་ནག་ནང་དུ་ནད་པ་ཟུར་འཇོག་བྱེད་པའི་བརྒྱུད་རིམ་ནང་། གློ་ཚད་དང་གྲོད་ཁོག་མི་བདེ་བའི་ནད་པ་རྣམས་ཐོག་མར་ཉིན་ཁ་ཤས་ཀྱི་རིང་ལ་བརྟག་དཔྱད་བྱས། མང་ཆེ་བ་ཉིན་ ༡༤ ལ་བརྟག་དཔྱད་བྱས་རྗེས། གཞི་ནས་ཟུར་འཇོག་སྨན་བཅོས་འགོ་རྩོམ་པ་ནི་གོང་གི་རྒྱུ་མཚན་འདི་ལ་བརྟེན་ནས་བྱུང་བ་ཡིན་པར་འདོད།

༢༠༡༩ ལོའི་ཏོག་དབྱིབས་ནད་ཡམས(2019 n-CoV) འདི་མིའི་གཟུགས་པོའི་ནང་ཇི་ལྟར་ཡོང་བ་རེད།

ཚང་མས་ཤེས་གསལ་ལྟར། ནད་ཡམས་འདིའི་ཐོག་མའི་འབྱུང་ཁུངས་ནི་ཕ་ཝང་བརྒྱུད་ནས། མིའི་གཟུགས་པོའི་ནང་འགོས་པ་ཞིག་ཡིན་ཞིང་། ད་ལྟའི་ཆ་ལ་ནད་ཡམས་འདི་སྤྱི་ཚོགས་ཐོག་ཁྱབ་ཚར་རྗེས། ནད་ཡམས་འདི་ཁ་རླུང་དང་། བརླན་བཤེར། ནད་ཡམས་ཡོད་སའི་ཟས་རིགས། ཐུན་མོང་གི་སྤྱི་སྤྱོད་རླངས་འཁོར། གློག་སྐས། ལྷམ་གོག་སོགས་ནས་འབྱུང་གིན་ཡོད།

སྤྱིར་བཏང་མི་དང་སྲོག་ཆགས་གཉིས་ཀྱི་ལུས་ཀྱི་གྲུབ་ཚུལ་མི་གཅིག་པ་དང་། ལུས་ཀྱི་གྲུབ་ཚུལ་མི་གཅིག་པ་དེས་ནད་ཀྱི་རྒྱུ་རྐྱེན་དང་བརྟག་བཅོས་སོགས་ཀྱང་མི་གཅིག་པ་ཡིན། ཡང་གཅིག་བཤད་ན་སྲོག་ཆགས་ཀྱི་ནད་མི་ལ་མི་འགོ་ཞིང་། མིའི་ན་ཚ་སྲོག་ཆགས་ལ་མི་འགོ་པ་ཡིན། ང་ཚོ་འགྲོ་བ་མི་དང་རྒྱུད་མི་གཅིག་པའི་སེམས་ཅན་རིགས་ཀྱི་ཤ་ཟོས་བ་དེས་རིམ་བཞིན་འགྲོ་བ་མིའི་འབྱུང་ཁམས་དེ་སྲོག་ཆགས་ཀྱི་འབྱུང་ཁམས་དང་ཆ་འདྲ་པོར་ཆགས་ཤིང་། སྲོག་ཆགས་ལ་ཡོང་གིན་ཡོད་པའི་ན་ཚ་དག་རིམ་བཞིན་སྲོག་ཆགས་ཟ་མཁན་གྱི་མི་རྣམས་ལ་འགོས་བཞིན་ཡོད་པ་རེད། རྒྱུ་མཚན་ནི་སྲོག་ཆགས་ཟ་མཁན་གྱི་མིའི་ཕུང་བོའི་རྒྱུད་ལ་སྲོག་ཆགས་ཀྱི་འབྱུང་ཁམས་དང་རིགས་འདྲ་བ་རང་བཞིན་གྱིས་བསྐྱེད་བསྲིང་བྱེད་ཀྱིན་ཡོད། སྲོག་ཆགས་ཟ་མཁན་གྱི་མི་དེའི་ཕུང་བོའི་གྲུབ་ཆ་ལ་འགྱུར་བ་སོང་ནས་སྲོག་ཆགས་ལ་འགོ་བའི་ནད་རིགས་དེ་མིའི་གཟུགས་པོས་དང་ལེན་བྱེད་ཐུབ་པ་བྱུང་བ་ཡིན། གནས་སྟངས་འདི་ལ་ང་ཚོས། ཟས་གང་ཞིག་ཟོས་བ་དེས་འབྲས་བུ་གང་ཞིག་སྨིན་ཡོང་བ་ལྟ་བུ་ཡིན། བོད་ཀྱི་སྨན་གཞུང་དུ། འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས། །ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད། ཞེས་ཟས་གང་ཞིག་ཟོས་པ་དེས་ང་ཚོའི་ལུས་ཀྱི་གྲུབ་ཆ་གཙོ་བོ་འབྱུང་བ་ལྔའི་ཡོན་ཏན་ནམ་ཁྱད་ཆོས་རེ་རེ་མངོན་པར་བྱེད་ཅིང་། སྲོག་ཆགས་ཀྱི་ཤ་ཟོས་བས་སྲོག་ཆགས་ལ་ཡོད་པའི་འབྱུང་བའི་གྲུབ་ཆ་མིའི་གཟུགས་པོའི་ནང་ཁྱེར་ཡོང་བའི་བརྒྱུད་རིམ་དེ་རེད། དེ་བཞིན་ཏུ་ཕ་ཝང་ལ་མཚོན་ན་ནད་ཡམས་སྟོང་ལས་གྲུབ་པའི་སྲོག་ཆགས་ཤིག་ཡིན། མིས་ཕ་ཝང་གི་ཤ་ཟོས་བའི་རྒྱུ་ལས་ཕ་ཝང་གི་ནད་ཡམས་མི་ལ་འགོས་ཤིང་། འགོས་ནད་ཅན་གྱི་ནད་པ་དེའི་ནད་ཡམས་ང་ཚོའི་སྤྱི་ཚོགས་ཧྲིལ་བོའི་ནང་ཁྱབ་འགོ་བརྩམས་པ་རེད།

༢༠༡༩ ཏོག་དབྱིབས་ནད་ཡམས (2019 n-CoV) ལ་ལྕི་ཡང་མ་འདྲ་བ་གང་ཡོད།

༢༠༡༩ ཏོག་དབྱིབས་ནད་ཡམས་ (2019 n-CoV) འདི་བྱུང་རྗེས་ནད་པ་རེ་རེའི་ནད་རྟགས་དང་མཇུག་འབྲས་མ་འདྲ་བ་ཡིན། ནད་པ་ཁ་ཤས་ནད་ཡམས་འདི་བྱུང་རྗེས་ཉིན་ཁ་ཤས་ནས་གྲོངས་འགྲོ་བ་དང་། ནད་པ་ཁ་ཤས་ནད་ཡམས་འདི་བྱུང་རྗེས་རྩ་བ་ནས་མི་ཤི་བའང་ཡོད། རྒྱུ་མཚན་གཙོ་བོ་ནི་མི་དང་མི་བར་གྱི་རིམས་འགོག་མ་ལག  (Immune system) མ་འདྲ་བ་ཡོད་པ་དེར་རག་ལས་ཡོད། མི་ཞིག་ལ་རིམས་འགོག་མ་ལག  (Immune system) ཡག་པོ་ཡོད་ན་ནད་ཡམས་ཀྱིས་ལས་སླ་བོར་ཚུར་རྒོལ་བྱེད་མི་ཐུབ།

རིམས་འགོག་མ་ལག་ནི་མིའི་གཟུགས་པོའི་བདེ་སྲུང་གི་དམག་དཔུང་ཁྱད་དུ་འཕགས་པ་དེ་ཡིན། མིའི་གཟུགས་པོའི་བདེ་སྲུང་དམག་དཔུང་གི་ནུས་པ་ཞན་དུ་སོང་ན། ད་གཟོད་ནད་ཡམས་དང་ན་ཚ་གཞན་གྱིས་ཐུབ་ཚོད་གཏོང་གིན་ཡོད་པ་རེད། དེ་ཡང་ནད་ཡམས་གང་ཡིན་ཡང་ཐོག་མར་ལུས་ལ་འཇུག་པའི་སྐབས་མིའི་གཟུགས་པོ་ནང་ཡོད་པའི་རིམས་འགོག་མ་ལག  (Immune system) གི་རྒྱལ་སྒོ་ལས་བརྒལ་དགོས་ཤིང་། མི་ལ་རིམས་འགོག་མ་ལག་ཡག་པོ་མེད་ན་ནད་རྣམས་ལས་སླ་བོའི་སྒོ་ནས་མིའི་གཟུགས་པོའི་ནང་འཛུལ་ཡོང་བ་ཡིན།

ཐེངས་འདིའི་༢༠༡༩ ཏོག་དབྱིབས་ནད་ཡམས་ཁྲོད་སྔོན་ལ་ཚེ་སྲོག་ཤོར་མཁན་མང་ཆེ་བ་ནི་རྒན་རྒོན་དང་། གཅིན་སྙིའི་ན་ཚ་ཡོད་མཁན། ཁྲག་ཤེད་མཐོ་བ། སྙིང་གི་ན་ཚ་ཡོད་མཁན་རྐྱང་བ་ཡིན་པའི་རྒྱུ་མཚན་ནི། ཁོང་ཚོ་ལ་རང་སྲུང་རིམས་འགོག (Immune system) གི་མ་ལག་མ་འདང་བ་དང་། ལུས་ཟུངས་ཞན་པས་ནད་ཡམས་ལ་རྒོལ་ལན་བསློག་མ་ཐུབ་པ་དེ་རེད། ད་དུང་ཐེངས་འདིའི་ཝུའུ་ཧན་ཀྱི་སྲོག་ཆགས་ཁྲོམ་རྭའི་ཕ་ཝང་ཚོང་མཁན་ཁ་ཤས་ལ་ནད་ཡམས་འདི་སྔོན་ནས་འགོས་ཡོད་ཅིང་། ད་དུང་གསོན་ཡོད་པ་ནི་ཁོང་ཚོ་ལ་ཕལ་ཆེར་རིམས་འགོག་མ་ལག  (Immune system) ཡག་པོ་ཡོད་པའི་རྒྱུ་མཚན་ཡིན་རྒྱུ་རེད་སྙམ།

སྤྱིར་བཏང་མིའི་གཟུགས་པོ་ནི་ཆེ་ས་ནས་དོན་ལྔ་སྣོད་དྲུག་དང་། ཆུང་ས་ནས་ཕྲ་ཕུང་ཁྲི་ཁྲག་གིས་གྲུབ་པའི་ཁྱིམ་རྒྱུད་ཆེན་པོ་ཞིག་ཡིན། དེ་ལ་བོད་ཀྱི་གསོ་བ་རིག་པའི་ནང་མིའི་གཟུགས་པོའི་གྲུབ་ཚུལ་དེ་རྒྱལ་བོའི་ཕོ་བྲང་ཞིག་ལ་དཔེར་བཀོད་ནས་བཤད་ཡོད། དཔེར་ན་བཤད་རྒྱུད་ལེའུ་གསུམ་པའི་ནང་། སྙིང་ནི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། ། གློ་བ་མ་ལྔ་ནང་གི་བློན་པོ་འདྲ།། ཞེས་གསུངས་ཡོད་པ་ལྟར། སྙིང་ནི་རྒྱལ་བོ་ལྟ་བུ་དང་། གློ་བ་ནི་བློན་པོ་ལྟ་བུར་དཔེར་བཀོད་ཡོད། ཐེངས་འདིར་ང་ཚོས་རིམས་འགོག་མ་ལག (Immune system) གི་འདྲ་དཔེ་ཁར་བསྣན་ཏེ། རིམས་འགོག་མ་ལག་བདེ་སྲུང་དམག་དཔུང་འདྲ།། ཞེས་བརྗོད་ན་དོན་དང་མ་མཐུན་པ་གང་ཡང་མི་འདུག་སྙམ།

རིམས་འགོག་མ་ལག (Immune system) ག་རེ་རེད།

རིམས་འགོག་མ་ལག་ནི་ང་ཚོས་གོང་དུ་བཤད་པ་བཞིན། མིའི་གཟུགས་པོ་ལ་ཕྱི་རོལ་གྱི་བཙན་འཛུལ་འགོག་སྲུང་བྱེད་མཁན་གྱི་མ་ལག་གལ་ཆེན་ཞིག་ཡིན། གལ་ཏེ་མིའི་གཟུགས་པོའི་ནང་རིམས་འགོག་གི་ནུས་པ་མ་འདང་ཚེ། ཕྱི་རོལ་གྱི་ནད་འབུ་དང་། ནད་ཡམས་སོགས་གཟུགས་པོའི་་ནང་འཛུལ་ཡོང་ནས་ཐུབ་ཚོད་གཏོང་བ་ཡིན། དེ་བས་མིའི་གཟུགས་པོའི་རིམས་འགོག་མ་ལག་གང་ལེགས་ཤིག་འཛོམས་དགོས་རྒྱུ་ནི་གཟུགས་པོའི་སྲུང་སྐྱོབ་ཀྱི་ནུས་པ་གཙོ་བོ་དེ་ཡིན། འོ་ན་རིམས་འགོག་མ་ལག་འདི་ཇི་ལྟར་གྲུབ་པ་རེད་ཟེར་ན། འདི་ནི་ཕ་མའི་མི་རྒྱུད་དང་རང་གི་ཁྲག་རིལ་དཀར་བོ་ལས་གྲུབ་པའི་ཟུངས་ཁྲག་འདི་ལ་བརྗོད་པ་ཡིན། ཟུངས་ཁྲག་དཀར་བོ་འདི་ནི་ནམ་རྒྱུན་མིའི་ལུས་པོའི་རྨེན་བུ་དང་ཁྲག་རྩའི་ལམ་ན་རྒྱུག་བཞིན་ཡོད་ཅིང། ཟུངས་ཁྲག་དཀར་བོ་འདིས་གཟུགས་པོའི་ནང་དུས་རྒྱུན་ཏུ་སྐོར་གཡེང་བྱས་ཏེ་རིགས་མ་འདྲ་བའི་ཕྲ་ཕུང་དང་། ནད་ཡམས་ནང་དུ་འཛུལ་རྒྱུར་བཀག་སྡོམ་བྱེད་པ་ཡིན། ནད་ཡམས་ཁ་ཤས་ཤིན་ཏུ་ཆུང་ཞིང་ཕྲ་ཕུང་གཞན་དང་མཉམ་དུ་གཟུགས་པོའི་ནང་སྐབས་སྐབས་སུ་འཛུལ་ཡོང་ནས་ནད་ཡམས་སྐྱེད་བཞིན་ཡོད། ཏོག་དབྱིབས་ནད་ཡམས་འདི་ལ་མཚོན་ནའང་རིམས་འགོག་སྲུང་དམག་གི་ལྷོད་གཡེང་དང་། ནུས་པ་ཞན་པའི་ཉེར་ལེན་ལ་བརྟེན་ནས། མིའི་གཟུགས་པོའི་ནང་འཛུལ་ཡོང་བ་ཞིག་ཡིན།

རིམས་འགོག་མ་ལག་ནི་དངོས་གནས་བཤད་ན་ལུས་པོའི་སྟོབས་ངོ་མ་དེ་ཡིན། མིའི་ལུས་པོའི་སྟོབས་ངོ་མ་དེ་ལ་བོད་ཀྱི་སྨན་གཞུང་དུ། འདུ་བ་རླུང་མཁྲིས་བད་ཀན་གསུམ་བཏང་སྙོམས་སུ་གནས་ཤིང་། ལུས་ཟུངས་དྭངས་མ་རྣམས་ཀྱི་ལྡང་ཚད་རན་པོ་ཡོད་པ། ལུས་སེམས་གཉིས་ཀྱི་བྱེད་ལས་ཚུལ་བཞིན་ཏུ་གནས་པ་ལས་མིའི་ལུས་སྟོབས་སམ་རིམས་འགོག་མ་ལག་ལ་སྨན་པར་བཤད་བཞིན་ཡོད།  དེ་ནི་དཔེར་ན་གསོ་རིག་རྒྱུད་བཞི་ཡི་ནང་དུ །ལུས་ཟུངས་ཁུ་བའི་མཐར་ཕྱིན་མདངས་མཆོག་དེ། ། སྙིང་ལ་གནས་ཀྱང་ལུས་ཀུན་ཁྱབ་པ་དང་། ། ཚེ་གནས་གཟི་མདངས་བཀྲག་དང་ལྡན་པར་གྱུར། ། ཞེས་ལུས་ཀྱི་མདངས་ཀྱི་མཆོག་དེ་ནི་མིའི་སྙིང་ཁམས་ན་གནས་ཤིང་དེ་ནས་ལུས་ཡོངས་ལ་ཁྱབ་པར་འགྲོ་བ་བསྟན་ཡོད།

རིམས་འགོག་མ་ལག་ (Immune system)  ཡག་པོ་ཡོང་དགོས་ན་ལུས་སེམས་གཉིས་བཏང་སྙོམས་སུ་གནས་དགོས་ཤིང་།  ལུས་སེམས་གཉིས་བཏང་སྙོམས་ལ་གནས་ན་ད་གཟོད་གཞི་ནས་ལུས་ཀྱི་སྟོབས་དང་གཟི་མདངས་མངོན་པ་ཡིན། གསོ་རིག་རྒྱུད་བཞིའི་ནང་དུ་འདི་འདྲ་ཞིག་གསུངས་ཡོད། མཁྲིས་པ་སྒྲུབ་བྱེད་སྙིང་ལ་གནས་པ་སྟེ། ། ཡིད་གཞུངས་ང་རྒྱལ་བློ་དང་འདོད་པ་སྒྲུབ།། ཞེས་གསུངས་པ་ལྟར་མིའི་བསམ་བློའི་ཐག་གཅོད་སྤྱད་ཀྱི་ནུས་པ་དེ་སྙིང་ལ་གནས་ཡོད་པ་དང་། མིའི་བསམ་བློ་ཇི་ཙམ་བཏང་སྙོམས་སུ་གནས་ཐུབ་ན་དེ་ཙམ་གྱིས་མིའི་ལུས་སྟོབས་ལའང་ཕན་འདོགས་ཐུབ་པ་གསལ་བོ་ཡིན། ང་ཚོ་ནང་པ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་བྱམས་སྙིང་རྗེ་ཡིས་མིའི་སེམས་ཁམས་བཏངསྙོམས་སུ་གནས་པར་བྱེད་ཅིང་། མིའི་སེམས་ཁམས་བཏང་སྙོམས་སུ་གནས་པ་འདིས་ན་ཚ་སྔོན་འགོག་བྱེད་གིན་ཡོད། འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་ཚན་རིག་རང་བཞིན་གཙོ་བོ་དེ་ཡིན་པར་འདོད།

ཡང་གཅིག་བཤད་ན། ནང་པ་སངས་རྒྱས་བའི་སྒོམ་གྱིས་ང་ཚོ་ལ་བཟང་ཕྱོགས་ཀྱི་བསམ་བློ། བཟོད་པ་དང་། བྱམས་པ་དང་། སྙིང་རྗེ་ལ་སོགས་པར་གོམས་འདྲིས་ཆགས་པར་བྱེད་ཀྱི་ཡོད་པ་དང་། དེ་ཡང་ང་ཚོས་གཞན་ཕན་བྱམས་བརྩེའི་བསམ་པ་ཞིག་སྐྱེད་པར་བེད་སྤྱོད་བཏང་ན། དེས་ཁོང་ཁྲོ་ཉུང་དུ་འགྲོ་བར་ཕན་ཐོགས་ཡོད་པ་མ་ཟད། རང་ཉིད་ཀྱང་མི་གཞན་གྱིས་དགའ་པོ་བྱ་ཡུལ་ཞིག་ཏུ་འགྱུར་བ་ཡིན། དེ་ལྟར་རང་གཞན་གཉིས་ཀ་དགའ་བའི་ཁོར་ཡུག་ཞིག་ཡོད་ན་རང་གི་མི་ཚེ་དེ་གཟི་མདངས་དང་བཀྲག་མདངས་དང་ལྡན་པ་ཞིག་ཡོང་བ་ཡིན། བཀྲག་མདངས་ལྡན་པའི་ལུས་པོ་དེ་ནི་མིའི་སྟོབས་ངོ་མ་དང་རིམས་འགོག་མ་ལག་ཡག་ཤོས་དེ་རེད། དེ་བས་ང་ཚོའི་བཅོས་ཐབས་སུ་སྨན་དང་སྤྱོད་ལམ་གལ་ཆེ་ལ། དེ་ལས་ཀྱང་གལ་ཆེ་བ་ནི་མིའི་བསམ་བློའི་སྟོབས་ཤུགས་དེ་ཡིན། དེ་ལས་ད་དུང་། བཏང་སྙོམས་ཀྱི་ཐད་ལ། མངོན་པ་ཀུན་བཏུས་ལས། བཏང་སྙོམས་གང་ཞེ་ན། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་བརྩོན་འགྲུས་ཅན་ཞེས་ཉོན་མོངས་ཀྱི་དུག་ཐམས་ཅད་འགོ་མནན་ནས་དགེ་བའི་ལས་བྱེད་པར་ལས་སུ་རུང་བ་ཞིག་ལ་གོ་བ་ཡིན།

༢༠༡༩ ཏོག་དབྱིབས་ནད་ཡམས (2019 n-CoV) བཅོས་ཐབས་དང་འགོག་སྲུང་ག་རེ་ཡོད།

དེང་གི་ཆ་ལ་འཛམ་གླིང་སྟེང་ནད་ཡམས་འདི་ལ་བཅོས་ཐབས་ཀྱི་སྨན་གང་ཡང་མི་འདུག ཡིན་ནའང་ཁ་སང་དེ་རིང་རྒྱ་ནག་གཞུང་གིས་དེ་སྔ་ཨ་ཧྥེ་རི་ཁའི་ཨེ་སྦོ་ལ (Ebola) ནད་ཡམས་ལ་བཀོལ་མྱོང་བའི་སྨན་ཞིག་སྟེ། རམ་རྡ་སུ་ཝེ་ཨར (Remdesivir) བཀོལ་རྩིས་བྱེད་གིན་ཡོད། རམ་རྡ་སུ་ཝེ་ཨར (Remdesivir) ནི་ཨ་རི་ནས་ཐོན་པའི་སྨན་ཞིག་ཡིན་པ་དང་། སྨན་འདི་ལ་ཨ་རིའི་ཟས་དང་སྨན་གྱི་ལས་ཁུངས་ནས་རྒྱལ་ཁབ་གཞན་ལ་བཀོལ་ཆོག་པའི་ཆོག་མཆན་ད་དུང་ཐོབ་མེད་པ་དང་།

དེ་སྔ་ཡིན་ན་སྨན་འདི་ཨ་ཧྥེ་རི་གའི་ཨེ་སྦོ་ལའི (Ebola) ནད་ཡམས་ཐོག་བཀོལ་སྤྱོད་བྱས་མྱོང་བ་དང་། ཁ་སང་དེ་རིང་ཨ་མེ་རི་ཀས་ ༢༠༡༩ ཏོག་དབྱིབས་ནད་ཡམས (2019 n-CoV) བྱུང་བའི་ནད་པ་ཞིག་ལ་བཀོལ་བཞིན་ཡོད་འདུག དེའང་ཚོད་ལྟའི་སྨན་འདི་ ༢༠༡༩ ཏོག་དབྱིབས་ནད་ཡམས (2019 n-CoV) བྱུང་བའི་ནད་པ་འདི་ལ་བཀོལ་ནས་ཉིན་བདུན་འགྲོ་བཞིན་ཡོད་མོད་ཕན་ནུས་འདི་འདྲ་ཐོན་ཞེས་སྟོན་རྒྱུ་མི་འདུག

དེང་གི་ཆ་ལ་ཨ་མེ་རི་ཀའི་སྨན་གྱི་བཟོ་གྲྭ་གྷཱ་ལེ་ཡིད་(Gilead) ཀྱིས་སྨན་འདི་རིན་མེད་ཐོག་རྒྱ་ནག་གི་ནད་པ་ལ་མཁོ་སྤྲོད་བྱེད་ཀྱི་ཡིན་ཞེས་བཤད་བཞིན་ཡོད་མོད། རིན་གོང་ཆེ་བའི་སྨན་འདི་ནད་པ་ཁྲི་གཉིས་གསུམ་ལ་མཁོ་སྤྲོད་བྱེད་མི་སྲིད། རྒྱུ་མཚན་ནི་ཁ་སང་དེ་རིང་ཝུའུ་ཧན་ནད་ཡམས་ཞིབ་འཇུག་ཁང་གིས་སྨན་རམ་རྡ་སུ་ཝེ་ཨར་ (Remdesivir) གྱི་བདག་དབང་ཀྱང་སྨན་སྦྱིན་དང་མཉམ་དུ་སྤྲོད་རོགས་ཞེས་རེ་བསྐུལ་བྱས་པར། ཨ་རིའི་སྨན་གྱི་བཟོ་གྲྭ་གྷཱ་ལེ་ཡིད་(Gilead) ཀྱིས་ཁས་ལེན་བྱེད་གིན་མེད་པ་ལྟ་བུ་རེད། དེ་བཞིན་ཏུ་རམ་རྡ་སུ་ཝེ་ཨར (Remdesivir) སྨན་འདི་ནི་ཚོད་ལྟའི་སྨན་ཞིག་ལས་ ༢༠༡༩ ཏོག་དབྱིབས་ནད་ཡམས (2019 n-CoV) ཀྱི་ངོས་ཐུབ་ཀྱི་སྨན་ཞིག་མིན་པས་ན། སྨན་འདི་ལ་རེ་བ་ག་ཚོད་ཡོད་མིན་མི་ཤེས།

དེ་ལས་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་ནད་ཡམས་འདི་འགོག་སྲུང་བྱེད་པའི་ཐད་ལ། ཟས་དང་སྤྱོད་ལམ་བསིལ་དྲོད་སྙོམས་པོ་བསྟེན་ཞིང་། རླུང་ཚ་བའི་གྲོགས་སུ་མ་འགྲོ་བ་བྱེད་དགོས། སྨན་དུ་མ་ནུ་བཞི་ཐང་། ནོར་བུ་བདུན་ཐང་བསྟེན་པ་དང་། གཉན་ཚད་རླུང་ལ་ཨ་གར་༣༥ སོགས་འཕྲོད་ཤས་ཆེ། རེད་དེ། རིམས་ནད་ཁག་གཅིག་ལུས་ཟུངས་ཞན་པའི་རིགས་ལ་ཕོག་སྐབས་ནད་སྟོབས་རྒྱས་ཏེ། ལུས་ཟུངས་དང་། དོན་སྣོད་ལ་ཞུགས་སྐབས་རྩ་ཆུའི་རྟགས་ལ་དཔག་ཏེ་གཉན་ཚད་འཇོམས་པའི་སྨན་བཅོས་དང་། ཡང་ན་ལོ་ཚད་དང་། ལུས་ཁམས། ནད་སྟོབས་བཅས་ལ་ལྟོས་ཏེ་རླུང་ཚད་གཉན་གསུམ་གྱི་སྨན་བཅོས་བྱས་ན་ལེགས་སྙམ།

 སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས།

བཅའ་ཁྲིམས་ནི་ཐེངས་འདིར་བྱུང་བའི་དོན་རྐྱེན་དང་འབྲེལ་བ་དམ་པོ་ཡོད། ད་ཐེངས་ཀྱི་དོན་རྐྱེན་འདི་ནི་དངོས་གནས་བཤད་ན་ཁྲིམས་མེད་ལུགས་མེད་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། འཛམ་གླིང་སྟེང་མི་ལ་འགྲོ་བ་མིའི་རང་དབང་ཡོད་དགོས་པ་བཞིན། སྲོག་ཆགས་ལའང་སྲོག་ཆགས་ཀྱི་རང་དབང་དགོས་པ་ཡིན། འགྲོ་བ་མིས་སྲོག་ཆགས་རྔོན་ཆོག་མིན་དང་། སྲོག་ཆགས་ཉོ་ཚོང་དང་ཟ་ཆོག་མིན་བཅས་ཀྱི་ཁྲིམས་ལུགས་གསལ་བོ་ཡོད། དེ་འང་སྲོག་ཆགས་ཀྱི་ནང་དུ་སྟོང་ལ་ཉེ་བའི་སྲོག་ཆགས་ལྟ་བུ་ལ་མཚོན་ན། རྒྱལ་ཁབ་ཀྱིས་བདག་སྐྱོང་བྱེད་པའི་འགན་དབང་ཡོད། མི་སུ་ཞིག་གིས་སྲོག་ཆགས་རང་དབང་གི་ཁྲིམས་ལུགས་ལ་འགལ་ཚེ་ཉེས་ཆད་ལྗིད་མོ་གཅོད་དགོས།

ཨ་མེ་རི་ཀ་ལྟ་བུ་ལ་མཚོན་ན་སྲོག་ཆགས་ཀྱི་ཁྲིམས་ལུགས་དམ་པོ་ཡོད། དཔེར་ན་ཨ་རིའི་མངའ་སྡེ་ཕྲག་སི་སི་ནས་ཕོ་ལོ་བཅུ་དགུ་ཅན་ཞིག་གིས། སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོར་ཁྲུང་ཁྲུང་གཉིས་བསད་པ་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་དང་། ཨ་སྒོར་ཉིས་ཁྲི་ལྔ་སྟོང་གི་ཉེས་ཆད་བཅད། དེ་བཞིན་ཏུ་རྒྱ་ནག་ལའང་སྲོག་ཆགས་རང་དབང་གི་ཁྲིམས་ལུགས་གསལ་བོ་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་དོན་ཚན་ཉེར་ལྔའི་ནང་། རྒྱལ་ཁབ་ཀྱི་སྲུང་སྐྱོབ་བྱེད་བཞིན་པའི་སྲོག་ཆགས་ལ་གནོད་སྐྱོན་བཏང་ན། དམངས་སྒོར་ཁྲི་ལྔ་ནས་ཁྲི་ཉེར་ལྔའི་ཁྲིམས་གཅོད་གཏོང་རྒྱུ་ཡིན་པ་གསལ་བོ་བཀོད་ཡོད་ལ། ཕ་ཝང་ལ་མཚོན་ནའང་སྲུང་སྐྱོབ་བྱེད་བཞིན་པའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན།

ཐེངས་འདིར་ཝུའུ་ཧན་གྱི་སྲོག་ཆགས་ཁྲོམ་རྭ་འདི་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་དང་འགལ་ཡོད་པས་ན་ཚ་སྔོན་འགོག་དང་ད་ཕྱིན་མི་འབྱུང་རྒྱུའི་གནད་དོན་ནི་སྲོག་ཆགས་རང་དབང་གི་བཅའ་ཁྲིམས་ནས་འགོ་འཛུགས་དགོས་རྒྱུ་རེད་སྙམ། ཉིས་སྟོང་གསུམ་ལོར་སར་སི་ནད་ཡམས (SARS-CoV) བྱུང་སྐབས་ཀོང་ཏུང་ནས། སྲོག་ཆགས་ཕ་ཝང་གི་སྐོར་ལ་སྐབས་ཤིག་ཁྲིམས་བཅོས་པ་ལས་རྗེས་སུ་ཁྲིམས་དེ་མཇུག་སྐྱོང་ཐུབ་མེད། དེ་བས་ཐེངས་འདིའི་དོན་རྐྱེན་ནི་སྲོག་ཆགས་ཁྲིམས་འགལ་ལས་བྱུང་བ་ཡིན་ཙང་། ཁྲིམས་སྐྱོང་སྡེ་ཁག་ལའང་ནད་ཡམས་འགོག་སྲུང་གི་འགན་འཁུར་ཡོད།

ད་ཡིན་ན་ང་ཚོས་ག་རེ་བྱེད་དགོས་པ་རེད།

ནད་ཡམས་འདིར་དེང་གི་ཆ་ལ་འཛམ་གླིང་སྟེང་བཅོས་ཐབས་དང་འགོག་སྨན་གང་ཡང་མེད་པས། མི་ཚོགས་འདུ་སར་མི་འགྲོ་བ་དང་། གཙང་སྤྲ་གང་ལེགས་བྱེད་རྒྱུ་ནི་གལ་ཆེ་ཤོས་དེ་ཡིན། བོད་སྨན་གྱི་གཞུང་ལྟར་ན། ནད་ཡམས་འདིའི་རིགས་བྱུང་སྐབས་ལུས་གསོ་གང་ལེགས་བྱེད་རྒྱུ་དང་། ཟས་སྤྱོད་བསིལ་བཅུད་ལ་བསྟེན་རྒྱུར་བཀོད་མངག་བྱེད། དེ་བཞིན་ཏུ་ནད་ཡམས་འདི་ཚ་བའི་རིགས་ཤིག་ཡིན་པས་ཚ་བའི་སྐབས་སུ་ཚ་བའི་ཟས་རིགས་མ་བསྟེན་ན་ལེགས་ཤིང། བཅོས་ཐད་ལ་ཕྱི་ལུགས་དང་བོད་ལུགས་ཟུང་འབྲེལ་གྱིས་སྨན་བཅོས་དང་སྔོན་འགོག་བྱེད་ཐུབ་ན་ཕན་རླབས་ཆེ།

སྲོག་ཆགས་ཀྱི་ཤ་ཟ་བའི་ཁྲིམས་ཀྱི་འགག་སྒོ་ཇེ་དམ་དུ་གཏོང་ཐུབ་ན་དེ་བས་ནད་ཡམས་སྔོན་འགོག་ལ་ཕན་ཆེ་བ་ཡིན། ང་ཚོའི་བོད་པའི་སྨན་རྫས་དང་གཟུངས་སྔགས་ལ་སྐྱབས་བཅོལ་བ་འདིའང་ལུས་སེམས་གཉིས་ཀར་ཕན་པ་ལས་གནོད་པ་ཞིག་ག་ལ་ཡོད། རེད་དེ། སྨན་རྫས་དང་གཟུངས་སྔགས་ཡོད་པ་ཙམ་གྱིས་ནད་ཡམས་འདི་རང་ལ་མི་འགོས་ཞེས། ནད་ཡམས་སྔོན་འགོག་ལ་དོ་སྣང་མ་བྱས་ན་རྩ་བ་ནས་མི་འགྲིག རྒྱུ་མཚན་ནི་ང་ཚོའི་སྨན་རྫས་དང་གཟུངས་སྔགས་ལ་མཐའ་གཅིག་ཏུ་ནད་ཡམས་འདི་བཅོས་ཐུབ་པའི་ནུས་པ་ཡོད་པར་ཚན་རིག་གིས་ད་དུང་ར་སྤྲོད་གང་ཡང་བྱེད་ཐུབ་མེད།

མ་གཞི་ནས་ནད་ཡམས་འདི་རིགས་ང་ཚོ་མི་ཡུལ་ལ་སྐབས་ཤིག་སླེབས་ཅིང་སྐབས་ཤིག་ཡལ་འགྲོ་གིན་ཡོད། དེ་སྔོན་བྱུང་བའི་ནད་ཡམས་ཚང་མའང་དེ་འདྲ་བྱས་ནས་ཡོང་བ་ཡིན། གནས་སྟངས་འདི་ནི་ཧ་ལམ་མེ་ཤིང་ཞིག་འབར་ཞིང་། མེ་ཤིང་དེ་འབར་ཚར་རྗེས་མེ་ལྕེ་རང་བཞིན་གྱིས་ཡལ་འགྲོ་བ་ལྟ་བུ་ཡིན། མེ་ལྕེ་ཡལ་བ་ལ་ཐོག་མར་མེ་ཤིང་མེད་པ་བཟོ་དགོས་པས། དེང་སང་ནད་ཡམས་ཀྱི་ཁྱབ་སའི་ས་ཆ་ལ་འགྲོ་འོང་མི་བྱེད་པ་དང་། ནད་ཡམས་འགོས་པའི་ནད་པ་ལ་ཐག་ཉེ་བར་མི་བྱེད་པའི་ཐབས་ཤེས་ནི་ནད་ཡམས་འདི་ལ་རྟེན་སའི་གནས་མེད་པར་བཟོ་བ་དང་མཚུངས་ཤིང་། ནམ་ཞིག་ནད་ཡམས་འདི་ལ་རང་ཉིད་གནས་སའི་གནས་བདག་མ་བྱུང་ཚེ། ང་ཚོ་དང་ག་ལེར་ཁ་བྲལ་འགྲོ་གི་རེད་བསམ།

བསྐྱར་བཅོས།: ༢༠༢༠/༠༢/༡༢

Leave a Reply

One thought on “ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས (2019 n-CoV) སྐོར་གྱི་གླེང་སློང་།

  1. ནད་ཡམས་ཡིན་ དུག་རྫས་ཤོར་ཅོ་ཡིན་ ཧ་གོ་ས་མ་རེད་ད། 🤔 དཔེར་ན་་་ སྔ་མོ་ 1980 ཐམ་པའི་ལོར་ རྒྱ་གར་་་ དབུས་མངའ་སྡེ་རྒྱལ་ས་ (Bhopal) བྷོ་པཱལ་རུ་ Bhopal Gas ཤོར་བ་རེད་ཟེར་ནས་ མི་ཁྲི་སྐོར་འཆི་བ་དང་། མི་བུམ་ལ་རྨད་སྐྱོན་ཕོག་ཡོད། སོ་སོའོ་ནང་ལ་ Gas ཤོར་བ་བྱུང་ན་ དྲི་མ་ཁ་བ་མ་གཏོགས་ དེ་འདྲ་མིག་ཚ་བ་དང་སྐྱུག་ནད་ཕོག་པ་སོགས་གང་ཡང་བྱེད་ཀྱི་མིན་འདུག་ག འདི་དུག་རྫས་ཤོར་བ་བརྟགས་གསལ་པོ་རེད་པ། བོད་པ་ག་རེ་མིག་ལོང་མཁན་ཡང་བྱུང་ཡོད། ས་ཨ་རི་ནས་དུག་རྫས་བཀག་ས་སླེབ་སོང་བ། འདི་མཐུན་ཕྱོགས་རྒྱལ་ཁབ་ཚོ་སྦེད་གསང་བྱེད་ཀྱི་མིན་འགྲོ་ ? 🤔 ཁ་བཀལ་ས་དུད་འགྲོ་སེམས་ཅན་ ཙི་ཙི་ཀམ་པོ་སོགས། མི་དམངས་མགོ་སྐོར་བཏང་ཡ་མིང་འདྲ་མིན་འདྲ་བཏགས་ Ebola, SARS-CoV, (MERS-CoV) Swine, Corona. ཙི་ཙི་ཀམ་པོ་ཟ་མཁན་ ཨིན་ཌོ་ནེ་ཤི་ཡ། མ་ལེ་ཤི་ཡ། ཕི་ཇི། ཇ་ཝ། ནིའུ་ པ་པུ་ཝ་གུ་ནི་ཡ་སོགས་ཀྱི་ལོངས་སྤྱོད་ཀྱི་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ (Germany Nazi) ཇར་མ་ནི་ ན་ཛིའི་ དུག་བུ་ བེད་སྤྱོད་བྱེད་པས་གནས་ཚུལ་ཡོད། འཕྲོད་བསྟེན་ལྷན་ཁང་གིས་བཤད་ན། རིམས་ནད་འདི་ཁ་རླུང་བརྒྱུད་འགོས་ཚད་མགྱོགས་ཤིང་འགོས་མ་ཐག་ནད་པ་བརྒྱ་ཆའི་གསུམ་གྱི་ཚེ་སྲོག་ཤོར་འགྲོ་བ་ཡིན་ཟེར། ཤེས་རྟོགས་བྱུང་བར་གཞིགས་ན་འཆི་འགྲོ་བའི་ནད་པ་འདི་དག་མང་ཆེ་བ་ནི་རྒན་རྒོན་དང་ན་ཚ་གཞན་ཡོད་པའི་ནད་པ་ཡིན། 😂 😂 😂 རྒས་ནས་འཆི་རྒྱུ་དང་ན་ནས་འཆི་རྒྱུ་ཁོ་ཆོས་ཉིད་རེད། ནད་ཡམས་འདི་ཁ་རླུང་ནས་ཡིན་ན་ ང་ཚོ་གཞི་ཆག་ལ་ཙི་ཙི་ཀམ་པོ་སྟོང་ཚོ་མང་པོ་ཡོད་ བ་ སྐུ་ངོ་ 😂 😂 😂 རྒྱ་ནག་ལ་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས། བོད་དུ་སྲོག་ཆགས་སྟོང་ལ་ཉེ་ 😂 😂 😂 ད་ཡིན་ན་ང་ཚོས་ག་རེ་བྱེད་དགོས་པ་རེད། 😂 😂 😂 😅