༧གོང་ས་མཆོག་ནས་འཚམས་འདྲིའི་གསུང་འཕྲིན་བསྩལ།

 ༧གོང་ས་མཆོག་ནས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཨར་ཝིན་ཀེ་ཇི་རི་ཝལ་མཆོག་གི་སྲིད་དོན་ཚོགས་པར་འོས་བསྡུའི་ཁྲོད་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་རུ་གཞུང་འཛིན་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་ཡོད་པ་ལྟར། ཁྱོན་ཞབས་བཀྱག་ ༧༠ ཡོད་པའི་ཁྲོད་ནས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིན་ཀེ་ཇི་རི་ཝལ(Arvind Kejriwal)ལགས་ཀྱི་(AAP)སྲིད་དོན་ཚོགས་པར་ཞབས་བཀྱག་ ༣༦ རག་ནས་རྒྱལ་ཁ་ཆེན་པོ་ཐོབ་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སྲིད་བློན་མུ་དྷི་མཆོག་གི་དབུས་པའི་རྒྱ་གར་གྱི་ཆབ་སྲིད་གནད་ཡོད་མི་སྣ་མང་པོས་འཚམས་འདྲི་གནང་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚམས་འདྲིའི་གསུང་འཕྲིན་ནང་དུ། ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་པ་ནས་བཟུང་རྒྱ་གར་མི་མང་གིས་ཡང་དག་པའི་དམངས་གཙོ་ལོངས་སྤྱོད་བྱེད་ཐུབ་པར་བསྔགས་བརྗོད་དང་འོས་བསྡུའི་ཁྲོད་རྒྱལ་ཁ་ལོན་པར་རྟེན་འབྲེལ་ཞུ་ཡི་ཡོད་ལ། སྐུ་ཉིད་ཀྱི་དབུ་འཁྲིད་ལམ་སྟོན་འོག་ལྡི་ལི་མི་མང་ལ་མུ་མཐུད་ཕན་ཐོགས་ཡོང་བཞིན་ཡོད། ང་ཚོས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་ལྡི་ལི་གཞུང་གི་སློབ་གྲྭ་ཁག་གི་ནང་དུ་བདེ་སྐྱིད་ཀྱི་སློབ་ཚན་ (Happiness Curriculum) གཏན་འབེབས་གནང་སྐབས་ངོས་ནས་ཁྱེད་ལ་བརྗོད་མྱོང་། ཁྱེད་དང་ཁྱེད་ཀྱིས་དབུ་འཁྲིད་པའི་སྲིད་གཞུང་གིས་འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་བཏང་བ་བརྒྱུད།  བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་ཐབས་བྱེད་པ་དེར་ངོས་ཀྱིས་སྙིང་ཐག་པ་ནས་ཡི་རངས་བསྔགས་བརྗོད་ཞུས་དང་ཞུ་མུས་ཡིན།  རིན་ཐང་དེ་དག་ཕྲུ་གུའི་རྒྱུད་ལ་འཇགས་པ་དེས་ཕྲུ་གུའི་ཁྱོན་ཡོངས་ཀྱི་ཤེས་ཡོན་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་འབྱུང་ངེས་ཡིན་པ་མ་ཟད།   དབུལ་ཕོངས་ཉམ་ཐག་ཚོའི་འཚོ་གནས་ཡར་རྒྱས་གཏོང་བར་ཕན་ཐོགས་བྱེད་ཐུབ། ཅེས་གསུངས།

ཡང་གསུང་འཕྲིན་ནང་། ངོས་ཀྱིས་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་ཙམ་མ་ཟད། རྒྱ་གར་གྱི་གནའ་རབས་སྲོལ་རྒྱུན་ནས་དར་སྤེལ་བྱུང་བའི་བསམ་བློའི་རྣམ་གཞག་དང་བྱེད་ལས་སྐོར་གྱི་ལེགས་བཤད་དེ་དག་རྒྱ་གར་ནང་བསྐྱར་གསོ་ཡོང་སླད་ཆོད་སེམས་བརྟན་པོས་འབད་བརྩོན་བྱེད་བཞིན་ཡོད། དེར་བརྟེན། ལྡི་ལི་གཞུང་གིས་སློབ་གྲྭའི་སློབ་ཚན་ནང་དུ་སེམས་རྒྱུད་ཇེ་བཟང་དུ་གཏོང་ཐབས་ཀྱི་སློབ་ཚན་བཞག་པ་དེར་ངོས་ཀྱིས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད།  ལས་འགུལ་དེས་རྒྱ་གར་ས་གནས་གཞན་ལའང་མིག་དཔེ་བཟང་པོ་ཞིག་སྟོན་བཞིན་ཡོད། ཅེས་གསུངས་འདུག

ངོས་ཀྱིས་གནད་དོན་འདི་ཧ་ཅང་གལ་གནད་ཆེན་པོར་རྩི་བཞིན་ཡོད། རྒྱུ་མཚན་ནི་རྒྱ་གར་འཛམ་གླིང་ནང་མིའི་བསམ་བློ་ཞི་བདེ་བག་ཕེབས་ཡོང་ཐབས་དང་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་ཤིག་གཏན་འབེབ་བྱེད་ཡུལ་ཁོ་ན་དེ་ཆགས་ཀྱི་ཡོད།   དེང་སྐབས་རྒྱ་གར་གྱི་གཞོན་སྐྱེས་ཚོས་ངོས་ཀྱི་ལངས་ཕྱོགས་དེར་རྒྱབ་སྐྱོར་གནང་བཞིན་པ་མཐོང་སྐབས་རེ་བ་དང་སྙིང་སྟོབས་འཕེལ་བཞིན་འདུག ཅེས་དང་། བློན་ཆེན་མཆོག་གི་ཕྱག་ལས་ཐམས་ཅད་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༡༢

Leave a Reply