མ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གྲྭའི་ནང་སྨན་རྩིས་ཁང་གི་ཡན་ལག་འཛུགས་རྒྱུ་ཡིན་འདུག

བོད་ཀྱི་སྨན་རྩིས་ཁང་དང་མ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གྲྭ་གཉིས་བར་ཆོད་ཡིག་བཞག་སྟེ་འདི་ལོའི་ཕྱི་ཟླ་ ༣་ཚེས་ ༡ ཉིན་ནས་མ་ནི་པུར་གྱི་གཙུག་ལག་སློབ་གྲྭ་དེའི་ནང་སྨན་རྩིས་ཁང་གི་ཡན་ལག་འཛུགས་གཏན་འཁེལ་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་བཞུགས་སྒར་དྷ་སའི་དབུས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་། རྒྱ་གར་བྱང་ཤར་མ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གྲྭའི་ (Manipur international University) རིགས་བདག་སྐུ་ཞབས་ཧ་རི་ཀུ་མར་པ་ལ་ཐཌ་ཀཱ་(Harikumar Pallathadka)ལགས་དང་། དབུས་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་གཉིས་ཀྱིས་མཉམ་འབྲེལ་ཆོད་ཡིག་ཐོག་མཚན་རྟགས་བརྒྱབ་སྟེ། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་ནས་མ་ནི་པུར་གཙུག་ལག་སློབ་གྲྭའི་ནང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་འཛུགས་རྒྱུ་མ་ཟད། རིང་མིན་མ་ནི་པུར་གཙུག་ལག་སློབ་གྲྭས་དཔལ་འབྱོར་གྱི་མཐུན་འགྱུར་དང་། སྨན་རྩིས་ཁང་ནས་དགེ་རྒན་དང་མི་ཆའི་མཐུན་འགྱུར་འོག་གཙུག་ལག་སློབ་གྲྭ་དེའི་ས་ཁྱོན་ཨེ་ཁར་ ༢༥༠༠ སྟེང་སྨན་རྩིས་མཐོ་སློབ་ཅིག་འཛུགས་གཏན་ཁེལ་ཡོད་འདུག

གསར་འགོད་གསལ་བསྒྲགས་སྟེང་དབུས་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། ཕྱི་ལོ་ ༢༠༡༧ ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མ་ནི་པུར་མངའ་སྡེར་ཆིབས་བསྒྱུར་གནང་ཡོད་པ་དང་། དེའི་རྗེས་གཙུག་ལག་སློབ་གྲྭ་དེས་༧གོང་ས་སྐྱབས་མགོན་པོ་རིན་པོ་ཆེ་མཆོག་ལ་སློབ་གྲྭ་དེའི་ནང་བོད་པའི་སྨན་རྩིས་མཐོ་སློབ་ཅིག་འཛུགས་འདོད་ཡོད་སྐོར་གྱི་ཕྱག་བྲིས་ཤིག་ཕུལ་བ་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༣ ཉིན་༧གོང་ས་མཆོག་ནས་གཙུག་ལག་སློབ་གྲྭའི་ལས་དོན་ཐོག་ལ་བཀའ་ཡིག་རིན་པོ་ཆེ་ཞིག་གནང་བའི་ནང་། ཁྱེད་ཚོའི་གཙུག་ལག་སློབ་གྲྭ་དེས་མ་ནི་པུར་གྱི་མི་མང་ཙམ་མིན་པར། རྒྱ་གར་བྱང་ཤར་གྱི་མངའ་སྡེ་དང་དེ་མིན་ས་ཁུལ་གཞན་དུ་ཡང་ཕན་ཐོགས་ཆེན་པོ་བསྒྲུབ་ཐུབ་ཅེས་དང་། ཁྱེད་ཚོའི་གཙུག་ལག་སློབ་གྲྭའི་ནང་བོད་ཀྱི་སྨན་རྩིས་མཐོ་སློབ་ཅིག་ལོགས་སུ་འཛུགས་རྒྱུའི་གྲོས་གཞི་འདོན་བཞིན་པར་དགའ་པོ་བྱུང་། གསོ་རིག་གི་ལམ་སྲོལ་འདིས་སློབ་མ་དང་སྤྱི་ཚོགས་ཁྱོན་ཡོངས་ལ་བཟང་སྤྱོད་ཀྱི་ཐོག་ནས་སྨན་བཅོས་བྱ་གལ་ཆེ་བའི་གནད་དོན་ཐད་ངེས་པ་སྐྱེ་རྒྱུར་ཕན་ཐོགས་ཡོད། ཅེས་གསུངས་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༢༠ དང་ ༢༡ ཉིན་སྨན་རྩིས་ཁང་གི་འགན་འཛིན་ཕར་བཅར་སྟེ། མཐོ་སློབ་ཀྱི་ལས་གཞི་དང་འབྲེལ་ནས་གནད་ཡོད་རྣམས་དང་གོ་བསྡུར་བྱས་ཡོད་པ་དང་། ཡན་ལག་སྨན་ཁང་དེ་ཁོང་ཚོའི་ལས་ཁུངས་ཨ་མའི་ནང་དགོས་ཀྱི་ཡོད་པ་རེད་དེ། མཐོ་སློབ་དེ་ས་ཁྱོན་ཨེ་ཁར་ ༢༥༠༠ ཙམ་ཞིག་དང་། དེའི་ནང་དུའང་སྨན་རྩྭ་འདེབས་ས་སོགས་ཡོད་པ་རེད། དེར་བརྟེན་འདི་ལོའི་ཕྱི་ཟླ་ ༤ པའི་ནང་འདི་གའི་ལས་བྱེད་བཞི་ཕར་ཆེད་སྐྱོད་ཀྱིས་ས་ཆ་འདེམས་སྒྲུག་བྱ་རྒྱུ་དང་། རིམ་པས་སློབ་ཚན་ཁྲིད་ཐབས་སོགས་གྲ་སྒྲིག་བྱ་རྒྱུ་རེད། ཐེངས་འདིའི་ལས་གཞི་དེ་གཙོ་བོ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་མངའ་སྡེར་ཆིབས་བསྒྱུར་བསྐྱངས་པ་དང་བཀའ་ཡིག་གནང་བའི་བཀའ་དྲིན་ལས་བྱུང་བ་ཞིག་དང་། སྨན་རྩིས་ཁང་གི་འདས་པའི་ལོ་ ༦༠ ནང་དུས་ཡུན་ཐུང་ཐུང་རིང་སློབ་སྦྱོང་སྤྲོད་རྒྱུ་ལ་སོགས་པའི་གཞན་དང་མཉམ་འབྲེལ་གྱི་ལས་གཞི་སྤེལ་མྱོང་ཡོད་ཀྱང་། ད་ཐེངས་ལྟ་བུའི་ལས་གཞི་ཞིག་སྤེལ་མྱོང་མེད་པ་རེད། ཅེས་བརྗོད་སོང་།དེ་ནས་སྐུ་ཞབས་ཧ་རི་ཀུ་མར་པ་ལ་ཐཌ་ཀཱ་ (Harikumar Pallathadka) ལགས་ཀྱིས། དེ་རིང་ནི་མ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གྲྭ་དང་སྨན་རྩིས་ཁང་གི་ཁྱད་དུ་འཕགས་པའི་ཉིན་མོ་ཞིག་རེད། ད་ཐེངས་ཀྱི་མཉམ་ལས་འདིས་འབྱུང་འགྱུར་གྱི་ལོ་རྒྱུས་བསྐྲུན་ངེས་རེད་ལ། མཉམ་ལས་འདི་མི་རབས་ནས་མི་རབས་བར་རྒྱུན་གནས་ཡོང་རྒྱུ་རེད། མ་ནི་པུར་གཙུག་ལག་སློབ་གྲྭ་འདི་བཞིན་མ་ནི་པུར་མངའ་སྡེས་ངོས་འཛིན་ཐོབ་པའི་སློབ་ཆེན་ཞིག་ཡིན་པ་དང་། ས་ཁྱོན་གྱི་ཆ་ནས་འཛམ་གླིང་ནང་གི་གཙུག་ལག་སློབ་གྲྭ་ཆེ་ཤོས་དེ་རེད། ང་ཚོས་རང་གི་མཐུན་རྐྱེན་རྣམས་སྨན་རྩིས་ཁང་དང་ལྷན་དུ་མཉམ་སྤྱོད་བྱ་རྒྱུར་དགའ་པོ་བྱུང་། ཞེས་དང་། ང་ཚོས་གསོ་བ་རིག་པ་སྟོང་ལ་ཉེ་བའི་སྨན་བཅོས་ཀྱི་རིག་གཞུང་ཞིག་ལ་རྩིས་ན་ཆོག དེ་ནི་རྒྱུན་འཛིན་དང་གཞན་ལ་སློབ་དགོས་པའི་གནའ་བོའི་རིག་གཞུང་ཞིག་རེད། དེ་ནི་ང་ཚོའི་མེས་པོ་རྣམས་ཀྱིས་ང་ཚོར་བཞག་པ་ཞིག་ཡིན་སྟབས། ང་ཚོས་མ་འོངས་པའི་ཆེད་དུ་དེ་ཉིད་སྲུང་སྐྱོབ་དང་དར་སྤེལ་གཏོང་དགོས། གསོ་བ་རིག་པ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་ང་ཚོ་ཚང་མའི་འོས་འགན་ཞིག་རེད། ང་ཚོའི་གཙུག་ལག་སློབ་གྲྭས་མཉམ་འབྲེལ་གྱི་ལས་གཞི་འདི་སྤེལ་དགོས་དོན་ཡང་གཙོ་བོ་གསོ་བ་རིག་པ་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་ཡིན་སྐོར་བརྗོད་སོང་།

གསར་འགོད་གསལ་བསྒྲགས་རྗེས་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། སྤྱིར་མ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གྲྭ་དེ་ཉིད་མ་ནི་པུར་མངའ་སྡེའི་རང་སྐྱོང་གི་གཙུག་ལག་སློབ་གྲྭ་ཞིག་ཡིན་འདུག་ཀྱང་། གཙུག་ལག་སློབ་གྲྭའི་ས་ཆའི་བདག་དབང་དེ་རྒྱ་གར་དབུས་དང་མངའ་སྡེའི་གཞུང་ལ་མེད་པར་བརྟེན། ཐེངས་འདིའི་སྨན་རྩིས་མཐོ་སློབ་འཛུགས་སྐྲུན་སོགས་ཀྱི་ཐད་དཀའ་རྙོག་ཆེན་པོ་མེད་སྐོར་བརྗོད་བྱུང་བ་དང་། རིང་པོར་མ་འགོར་བར་དབུས་སྨན་རྩིས་ཁང་ནས་ས་ཆ་འདེབས་སྒྲུག་བྱས་ཏེ། འཆར་འགོད་ཇི་བཞིན་མ་ནི་པུར་གཙུག་ལག་སློབ་གྲྭས་ཨར་ལས་འཛུགས་སྐྲུན་མགོ་འཛུགས་ཀྱིས། འབྱུང་འགྱུར་ལོ་གཉིས་ཙམ་ནང་སྨན་རྩིས་མཐོ་སློབ་མགོ་ཚུགས་ཐུབ་པ་བྱ་རྒྱུ་ཡིན་འདུག་པ་དང་། དེར་དབུས་སྨན་རྩིས་ཁང་ཇི་བཞིན་བཀའ་བཅུ་པ་དང་། སྨན་རམས་པ། གཞན་ཡང་ཞིབ་འཇུག་གི་སྡེ་ཚན་དང་། གསོ་བ་རིག་པའི་ལས་གཞི་གཞན་འཛུགས་རྒྱུ་ཡིན་འདུག་པ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་མགོ་འཛུགས་གཏན་ཁེལ་བའི་ཡན་ལག་སྨན་ཁང་ནང་སྨན་རྩིས་ཁང་གི་སྨན་པ་དང་སྨན་སྤྲོད་ཐོག ཁུལ་དེར་སྨན་ཞབས་ཀྱི་ཉམས་མྱོང་གང་འཚམ་ཡོད་པ་རྣམས་ལ་ཟུར་དུ་ཟབ་སྦྱོང་སྤྲད་དེ་མ་འོངས་པར་ཡན་ལག་སྨན་ཁང་གི་སྨན་སྤྲོད་དུ་འཇུག་འཆར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༢/༡༢

Leave a Reply

One thought on “མ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གྲྭའི་ནང་སྨན་རྩིས་ཁང་གི་ཡན་ལག་འཛུགས་རྒྱུ་ཡིན་འདུག

  1. བསོད་ནམས་རྒྱལ་མཚན།

    ཝཻ། ཟབ་ཟབ་གནང་མ་གཏོག གསོ་བ་རིག་པའི་ མན་ངག་མི་ལ་ཤོར་ཡོང་ད། ང་ཚོ་ལ་ངོམ་རྒྱུ་གཅིག་ལས་མེད་པ། དེ་ཡང་མི་ལ་ཤོར་ན་ ཕང་པ་ལ། 😂 😂 😂 ང་ཚོའི་བོད་པའི་སྤྱི་ཚོགས་སུ་ཡིན་རུང་ ༧གོང་ས་མཆོག་གིས་མཚན་ བེད་སྤྱོད་བྱེད་ཡ་མང་དྲག་གི། 🤔 ཐུགས་བསམ་ཞེས་རོགས།